[སྔོན་འགྲོའི་དཔར་གཞི།]་ @001A ༄༅། །གྲུབ་ཆེན་དྲིལ་བུའི་ཞབས་ལུགས?་ཀྱི་བདེ་མཆོག་ལྷ་ལྔའི་བསྐྱེད་རྫོགས་གཉིས་ཀྱི་འཁྲིད?་དམིགས་བདེ་ཆེན་གྱུར་འགྲུབ་ཞེས་བྱ་བ་བཞུགས་སོ། ། @001B ༄༅༅། །ན་མོ་མཉྫུ་ཤྲཱི་གྷོ་ཥཱ་ཡ། བརྟན་གཡོའི་ཆོས་ཀུན་བདེ་བ་ཆེན་པོའི་ངོར། །བསྡོམས་མཛད་ཁྱབ་བདག་ཧེ་རུ་ཀ་དཔལ་དང༌། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་བཅས་ལ། །གུས་པས་འདུད་དོ་མཆོག ཐུན་དངོས་གྲུབ་སྩོལ། །འདིར་གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་སྡོམ་པ་ལྷ་ལྔའི་བསྐྱེད་རྫོགས་ཀྱི་འཁྲིད་དམིགས་ཅུང་ཟད་བཤད་པར་བྱ་སྟེ་འདི་ལ་གཉིས། བསྐྱེད་རིམ་དང༌། རྫོགས་རིམ་གྱི་རྣམ་གཞག བཤད་པའོ། །དང་པོ་ལ་གསུམ། ཐུན་གྱི་ཐོག་མར་ཇི་ལྟར་བྱ་བ་དང༌། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་གྱི་མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། ཐོག་མར་ཇི་ལྟར་བྱ་བའི་རིམ་པ་དང༌། རྣལ་འབྱོར་གྱི་ཡན་ལག་གི་རིམ་པའོ། །དང་པོ་ལ་བཞི། ནང་མཆོད་བྱིན་གྱིས་བརླབ་པ། སྔོན་འགྲོ་གཏོར་མའི་རིམ་པ། བདག་བསྐྱེད་མཆོད་པ་བྱིན་གྱིས་བརླབ་ཚུལ། རྡོར་སེམས་ཀྱི་སྒོམ་བཟླས་སོ། །དང་པོ་ནི། བྲིས་སྐུ་དང་ ཡོ་བྱད་རྣམས་ཚོགས་པར་བྱས་ནས། བླ་མ་ཧེ་རུ་ཀ་དཔལ་དང༌། ཞེས་སོགས་ལྟ་བུས་སྐྱབས་སེམས་བྱས་ནས། ཐོག་མར་རང་ཉིད་སྐད་ཅིག་གིས་པདྨ་དང་ཉི་མའི་གདན་ལ་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ @002A ༄༅། །པ༑ ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པར་བསྐྱེད་པར་བྱ་ཞིང༌། དེ་ལྟར་བྱས་པ་ལ་དགོས་པ་ཡོད་དེ། འོག་ནས་འབྱུང་བའི་མཆོད་གཏོར་རྣམས་ བྱིན་གྱིས་བརླབ་པའི་ཆེད་ཡིན་པའི་ཕྱིར། དེ་ནས་ནང་མཆོད་བྱིན་གྱིས་བརླབ་ཚུལ་དངོས་ལ་བཞི། བསང་བ། སྦྱང་བ། བསྐྱེད་པ། བྱིན་གྱིས་བརླབ་པའོ། །དང་པོ་ནི། དུམ་སྐྱེས་མའི་སྔགས་བརྗོད་པའི་སྒོ་ནས་བྱེད་པ་ ཡིན་ཏེ། དེའི་ཚེ་དམིགས་པ་ནི་ཁཎྜ་རོ་ཧིའི་སྔགས་བརྗོད་པ་དང་མཉམ་དུ་དུམ་སྐྱེས་མའི་ཚོགས་དཔག་ཏུ་མེད་པ་སྤྲོས་ནས་བདུད་རྩིའི་རྫས་ལ་གནས་པའི་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་བསམ་པ་ཡིན་པའི་ཕྱིར། གཉིས་ པ་སྦྱང་བར་བྱ་ཚུལ་ཡོད་དེ། སྭ་བྷཱ་ཝའི་སྔགས་བརྗོད་པའི་སྒོ་ནས་རྫས་སྣོད་དང་བཅས་པ་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དུ་དག་པར་བྱ་བ་ཡིན་པའི་ཕྱིར། དེ་ལྟར་བྱས་པ་ལ་དགོས་པ་ཡོད་དེ། ཐ་མལ་གྱི་སྣང་ཞེན་དགག་པ་ དང་བསྐྱེད་པའི་བདུད་རྩི་རྣམས་སྟོང་པའི་རྣམ་འཕྲུལ་དུ་ཤེས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་བསྐྱེད་ཚུལ་ཡོད་དེ། སྟོང་པའི་ངང་ལས་ཡཾ་ལས་རླུང་དང་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྱི་ཟུར་སྟེང་དུ་མདུན་ནས་བརྩམས་ @002B ཏེ་ཨོཾ་ཨཱཿཧཱུཾ་གི་ཡི་གེ་གསུམ་ལས་བྱུང་བའི་མི་མགོ་རློན་པའི་སྒྱེད་བུ་གསུམ་གྱི་འཛོམས་སུ་ཨ་དཀར་པོ་ལས་ཐོད་པ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་ཤར་ནས་ཕྱོགས་སུ་གཡོན་སྐོར་དུ་ཨོཾ་ཁཾ་ཨཾ་ཏྲཾ་དང་དབུས་སུ་ཧཱུཾ་ལས་རིམ་པ་བཞིན་དུ། དྲི་ཆེན་ག?་ཆེན་བྱང་ སེམས་རཀྟ་དང་དྲི་ཆུ་རྣམས་ཡི་གེ་རྣམས་ཀྱིས་མཚན་པ་དང༌། མེ་ནས་མཚམས་སུ་གཡས་སྐོར་དུ་ལཾ་མཾ་པཾ་ཏཾ་ལས་རིམ་པ་བཞིན་དུ། བ་གླང་གི་ཤ་ཁྱིའི་ཤ་གླང་པོ་ཆེའི་ཤ་རྟའི་ཤ་རྣམས་ཡི་གེ་དེ་རྣམས་ཀྱིས་མཚན་པར་བསྐྱེད་ཅིང༌། དབྱིབས་ནི་ཚང་མའམ་དུམ་བུར་ བཏུབ་པ་གང་རུང་ཡིན་པའི་ཕྱིར། འདིར་དབུས་སུ་མི་ཤ་མི་བསྐྱེད་པའི་རྒྱུ་མཚན་ཡོད་དེ། བྱང་གི་ཤ་ཆེན་གྱིས་རྫས་གཉིས་ཀྱི་གོ་ཆོད་པའི་དབང་དུ་མཛད་པའི་ཕྱིར། མཚོན་དོན་ཡོད་དེ། མི་མགོའི་སྒྱེད་བུ་གསུམ་གྱིས་ནི་བདེ་ཆེན་གྱི་ཡེ་ཤེས་ཀྱི་རྟེན་སྒྲུབ་པ་པོའི་ ལུས་ངག་ཡིད་གསུམ་མཚོན། ཐོད་པ་ཕྱི་དཀར་ལ་ནང་དམར་བས་བདེ་ཆེན་གྱི་ཡེ་ཤེས་དེ་མཚོན་པའི་ཕྱིར། ཕྱི་མ་གྲུབ་སྟེ་ཕྱི་དཀར་བས་ཁམས་དཀར་པོ་དང༌། ནང་དམར་བས་ཁམས་དམར་པོ་དང༌། དེ་གཉིས་ཚོགས་པའི་ཐོད་པས་ཁམས་དཀར་དམར་གྱི་འདུ་འཕྲོད་ལས་ བྱུང་བའི་ལྷན་སྐྱེས་ཀྱི་བདེ་ཆེན་མཚོན་པའི་ཕྱིར་རོ། །དྲི་ཆེན་སོགས་ལྔ་རིགས་ལྔའི་ས་བོན་ལས་བསྐྱེད་ཅིང་མཚན་པའི་རྒྱུ་མཚན་ཡོད་དེ། ལྔ་པོ་དེ་རིགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་མོས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བ་གླང་གི་ཤ་སོགས་བཞི་ཡུམ་ལྔའི་ས་བོན་ ལས་བསྐྱེད་ཅིང་མཚན་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་ཡུམ་བཞི་དང་ཚད་མེད་བཞིའི་ངོ་བོར་མོས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དྲི་ཆེན་སོགས་བདུད་རྩིའི་རྫས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་སྒྲུབ་པ་པོ་རང་ཉིད་ཀྱི་ལུས་དང་པོར་ཆགས་པའི་ལུས་ཟུངས་ @003A ༄༅། །ཀྱི་དངས་མ་ཡིན་པས་སྦྱང་རྟོགས་སྦར་གསུམ་བྱས་ཏེ་ལྷ་ལ་མཆོད་ཅིང་རང་ཉིད་ཀྱིས་ལོངས་སྤྱད་པས་འཆི་མེད་ཀྱི་གོ་འཕང་འགྲུབ་པའི་ཆེད་ཡིན་པའི་ཕྱིར། ཤ་བཞི་དེའི་རྫས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། སྦྱང་རྟོགས་སྦར་གསུམ་བྱས་ཏེ་ལྷ་ལ་ མཆོད་ཅིང་རང་ཉིད་ཀྱིས་བསྟེན་པས་འཕྲིན་ལས་བཞི་འགྲུབ་པའི་ཆེད་ཡིན་པའི་ཕྱིར། བཞི་པ་བྱིན་གྱིས་བརླབ་པའི་ཚུལ་ཡོད་དེ། སྦྱང་རྟོགས་སྦར་གསུམ་བྱས་པའི་སྒོ་ནས་ཡིན་པའི་ཕྱིར། སྦྱང་རྟོགས་སྦར་གསུམ་བྱེད་ཚུལ་ཡོད་དེ། རླུང་གཡོས་པ་ནས་ཉི་མ་འཆར་ ཀའི་མདོག་ལྟར་དམར་སེར་དུ་གྱུར་པའི་བར་ནི་རྫས་ཀྱི་ཉེས་སྐྱོན་སྦྱང་བ། དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་ཁ་ཊྭཱཾ་ཀ་བསྐྱེད་པ་ཞུ་བ་ཐོད་པའི་རྫས་ལ་ཐིམ་པས་རྫས་རྣམས་དངུལ་ཆུའི་མདོག་ཅན་དུ་བསྒྱུར་བ་ནི་རྟོགས་པ། དེ་དག་གི་སྟེང་དུ་དབྱངས་གསལ་གྱི་ཡི་གེ་བཀོད་པ་ལས་ཡི་ གེ་གསུམ་དང༌། དེ་ལས་འོད་ཟེར་འཕྲོས་པས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཡི་གེ་གསུམ་ལ་ཐིམ་ཞིང༌། དེ་གསུམ་ཡང་བདུད་རྩིར་ཐིམ་པས་མང་དུ་བསྒྱུར་བ་ནི་སྤེལ་བ་སྟེ། དེ་རྣམས་ཀྱང་བྱིན་གྱིས་བརླབ་པའི་ཡན་ལག ཡིན་མོད། དེ་ནས་ཡི་གེ་གསུམ་ལན་གསུམ་བརྗོད་པ་ནི་བྱིན་གྱིས་བརླབས་པའི་དངོས་གཞི་ཡིན་པའི་ཕྱིར་རོ། །གཉིས་པ་སྔོན་འགྲོ་མཆོད་གཏོར་བྱིན་གྱིས་བརླབ་པའི་ཚུལ་ཡོད་དེ། མཆོད་པ་བྱིན་བརླབ་བྱ་ཚུལ་འོག་ནས་འབྱུང་བ་ལྟར་དང༌། གཏོར་མ་བྱིན་གྱིས་བརླབ་པ་ ནི་ནང་མཆོད་ལྟར་བྱ་བ་ཡིན་པའི་ཕྱིར། གཏོར་མགྲོན་སྤྱན་འདྲེན་པའི་ཚུལ་ཡོད་དེ། འབར་བའི་ཕྱག་རྒྱ་གཡོན་སྐོར་དུ་བྱས་ལ་ངག་ཏུ་ཕེཾ་ཞེས་བརྗོད་པ་དང་མཉམ་དུ་རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པ་ @003B སྤྱན་དྲངས་ཕྱོགས་མཚམས་བརྒྱད་དུ་འཁོད་པར་བསམས་པ་ཡིན་པའི་ཕྱིར། འབུལ་ཚུལ་ཡོད་དེ། ཕྱོགས་སྐྱོང་རྣམས་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དུ་བཅུག་སྟེ་ཐ་མལ་གྱི་སྣང་ཞེན་སྦྱངས་པའི་སྒོ་ནས་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་བཞེངས་པ་རྣམས་ཀྱི་ ལྗགས་ལ་ཧཱུཾ་ལས་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་སོགས་ཀྱིས་ཕྱོགས་དང་མཚམས་ལ་གཡས་དང་གཡོན་སྐོར་གྱིས་ལན་རེ་རེས་འབུལ་བ་ ཡིན་པའི་ཕྱིར། ཕུལ་ནས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ལྷ་ཡི་ཚོགས་རྣམས་ཞེས་སོགས་ཀྱིས་འཕྲིན་ལས་བཅོལ་ཏེ་ཡིག་བརྒྱ་བརྗོད་ནས་བཛྲ་མུཿཞེས་པས་རང་གནས་སུ་གཤེགས་པར་བསམས་པ་ཡིན་པའི་ཕྱིར། གསུམ་པ་བདག་བསྐྱེད་མཆོད་པ་བྱིན་གྱིས་བརླབ་ པ་ལ། བསང༌། སྦྱང་ནི་སྔར་ལྟར་དང༌། བསྐྱེད་ཅིང་བྱིན་གྱིས་བརླབ་ཚུལ་ཡོད་དེ། སྟོང་པའི་ངང་ལས་ཐོད་པའི་མིང་ཡིག་དང་པོ་ཀ་ལ་ཐིག་ལེ་བྱིན་པའི་ཀཾ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་མཆོད་པའི་གྲངས་དང་མཉམ་པ་རྣམས་ཀྱི་ནང་དུ་ཧཱུཾ་རེ་རེ་དེ་རྣམས་འོད་དུ་ཞུ་བ་ལས་ མཆོད་རྫས་རྣམས་ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་པ་ལ། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། ཕྱེད་ལས་མགྲོན་རྣམས་ཀྱི་མིག་ལ་སོགས་པའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པའི་ཁྱད་ཆོས་གསུམ་ལྡན་དུ་མོས་ནས། ཨརྒྷཾ་སོགས་རང་རང་གི་མིང་དང་ཡི་གེ་གསུམ་སྤེལ་ནས་བྱིན་གྱིས་བརླབ་པར་བྱ་བ་ཡིན་པའི་ཕྱིར། མཚོན་དོན་ཡོད་དེ། ཐོད་པ་ས་བོན་དང་བཅས་པས་བདེ་བ་ཆེན་པོའི་ཡེ་ཤེས་དང༌། མཆོད་པ་རྣམས་ཧཱུཾ་ལས་བསྐྱེད་པའི་ཧཱུཾ་གིས་ནི་ཧེ་རུ་ཀའི་ཐུགས་བདེ་སྟོང་དབྱེར་ @004A ༄༅། །མེད་ཀྱི་ཡེ་ཤེས་མཚོན་ཞིང༌། དེ་ཡང་ཡེ་ཤེས་དེ་ཉིད་མཆོད་རྫས་སོ་སོར་ཤར་བར་མོས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། མཆོད་རྫས་སོ་སོའི་མིང་ཡི་གེ་གསུམ་དང་སྤེལ་བའི་རྒྱུ་མཚན་ཡོད་དེ། ཡི་གེ་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ཡིན་ པས་དེའི་ནུས་པས་མཆོད་རྫས་རྣམས་བྱིན་གྱིས་བརླབ་ནུས་པའི་ཆེད་ཡིན་པའི་ཕྱིར། བཞི་པ་རྡོར་སེམས་ཀྱི་སྒོམ་བཟླས་ནི་འདོད་ན་གཞན་ནས་འབྱུང་བ་ལྟར་བྱ་ལ། དེ་ཡང་སྤྱིར་ཐུན་སྔ་ཕྱིའི་མཚམས་དང༌། ཐུན་ཐམས་ཅད་ཀྱི་མཇུག་དང༌། སྐབས་འདིར་བྱ་ བ་རྣམས་གང་བྱས་ཀྱང་མི་འགལ་ཡང༌། བླ་མའི་སྔ་མའི་ཕྱག་ལེན་སྐབས་འདིར་བྱེད་པ་ཡིན་ཞིང༌། དེ་ལའང་རང་རྡོར་སེམས་སུ་བསྐྱེད་ཀྱང་ཆོག་མོད། ལག་ལེན་ནི་རང་གི་སྤྱི་བོར་བསྐྱེད་པ་ལྟར་རོ། །གཉིས་པ་རྣལ་འབྱོར་གྱི་ཡན་ལག་ཇི་ལྟར་བྱ་བའི་རིམ་པ་ ལ་གསུམ། སྒོ་གསུམ་དག་པར་བྱེད་པའི་རྣལ་འབྱོར། མཐུན་རྐྱེན་བསྒྲུབ་པའི་ཕྱིར་ཚོགས་གསོག་ཚུལ། འགལ་རྐྱེན་བཟློག་པའི་ཕྱིར་སྲུང་འཁོར་བསྒོམ་པའི་ཚུལ་ལོ། །དང་པོ་ནི། བཤད་རྒྱུད་ཀུན་སྤྱོད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་ སྟོང་པ་ཉིད། །རུ་ནི་བཀོད་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་འབྱུང་བའི་དོན་ལྟར་བསམ་པ་ཡིན་ལ། དེའི་ཚུལ་ཡོད་དེ། ཧེ་ཡིག་གིས་ཀུན་བྱང་གི་ཆོས་ཀྱི་འབྱུང་གནས་སམ་རྒྱུ་རང་གི་སེམས་ལ་སོགས་པ་ཕུང?་སོགས་ཀྱི་ཆོས་རྣམས་རང་བཞིན་ གྱིས་གྲུབ་པས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང༌། རུ་ཡིག་གིས་ཕུང་སོགས་ལ་བཏགས་པའི་གང་ཟག་ཉིད་ལ་གང་ཟག་གི་བདག་འཛིན་གྱིས་བཏགས་པ་ཙམ་མ་ཡིན་པར་གང་ཟག་གི་བདག་ཏུ་བཀོད་པ་སྟེ་བཟུང་བ་ལྟར་མེད་པའི་གང་ཟག་གི་བདག་མེད་པ་དང༌། @004B ཀ་ཡིག་གིས་ཡུལ་བདག་མེད་གཉིས་མངོན་སུམ་རྟོགས་པའི་ཡུལ་ཅན་ལྷན་སྐྱེས་ཀྱི་ཡེ་ཤེས་ཉིད་དང༌། ཤྲཱི་ཡིག་གིས་ཡུལ་བདག་མེད་དང་ཡུལ་ཅན་གྱི་ཡེ་ཤེས་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་མཚོན་ཞིང༌། དེ་ལྟར་ཡུལ་ཡུལ་ཅན་གཉིས་ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མི་ཕྱེད་པའི་ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདག་ཉིད་དེ་ངའོ་སྙམ་དུ་ཆོས་སྐུ་ལ་ང་རྒྱལ་བཞག་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། ཚུལ་འདི་ལ་ཡིད་དག་པར་བྱེད་པའི་རྣལ་འབྱོར་ཞེས་བྱ་སྟེ། ཡིད་ལ་བདག་གཉིས་སུ་འཛིན་པའི་ཐ་མལ་གྱི་སྣང་ཞེན་བསལ་ནས་དག་པར་བྱེད་པའི་རྣལ་འབྱོར་ཡིན་ པའི་ཕྱིར། དེ་ནས་བདེ་སྟོང་དབྱེར་མེད་ཀྱི་ངང་ནས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་ངག་ཏུ་ཤྲཱི་ཧེ་རུ་ཀོཉཧཾ་ཞེས་བརྗོད་ཅིང༌། འདི་ལ་ལུས་དག་པར་བྱེད་པའི་རྣལ་འབྱོར་ཞེས་བྱ་སྟེ། ལུས་ལྷ་ཡབ་ཡུམ་དུ་གསལ་བའི་སྒོ་ནས་ལུས་ལ་ཐ་མལ་གྱི་སྣང་ཞེན་དག་པར་བྱེད་པའི་རྣལ་འབྱོར་ ཡིན་པའི་ཕྱིར། དེ་ནས་ཐོག་མཐར་ཨོཾ་དང་ཧཱུཾ་ཕཊ་སྦྱར་བའི་དབྱངས་གསལ་ངག་ཏུ་ལན་གསུམ་བརྗོད་ཅིང༌། དེའི་ཚེ་སྔགས་ཕྲེང་དེ་རྣམས་འོད་ཟེར་ལྔ་དང་ལྡན་པའི་རྣམ་བ་ཅན་ལྟེ་བར་གཡོན་སྐོར་དུ་ལན་གསུམ་གྱིས་བསྐོར་བ་ལས་ལྷ་ལྔའམ། འཁོར་ལོ་གསུམ་གྱི་ལྷའི་ཚོགས་ སྤྲོས་ཀྱང་རུང་སྟེ། རང་གི་སྣ་བུག་གཡས་ནས་ཕྱིར་འཐོན། ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ཅད་ཚར་བཅད། སླར་སྣ་བུག་གཡོན་ནས་ཞུགས། ལྟེ་བའི་སྔགས་འཕྲེང་ལ་ཐིམ་པར་བསམ་པ་འདི་ལ་ངག་དག་པར་བྱེད་པའི་རྣལ་འབྱོར་ཞེས་བྱ་སྟེ། ངག་དབྱངས་གསལ་ གྱི་རྣམ་པར་ཤར་བའི་སྒོ་ནས་དག་པར་བྱེད་པའི་རྣལ་འབྱོར་ཡིན་པའི་ཕྱིར། དག་པ་གསུམ་གྱི་རྣལ་འབྱོར་བསྒོམས་པ་ལ་དགོས་པ་ཡོད་དེ། སྒྲུབ་ཐབས་དངོས་གཞིའི་ལམ་རྣམས་འཁོར་ལོ་སྡོམ་པའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་ཏུ་འཆར་བའི་ཆེད་ཡིན་པའི་ཕྱིར་རོ། ། @005A ༄༅། །གཉིས་པ་མཐུན་རྐྱེན་བསྒྲུབ་པའི་ཕྱིར་ཚོགས་གསོག་པ་ལ་གསུམ། སྦྱང་གཞི་འཛམྦུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་དུ་སྐྱེ་བ་ལེན་པའི་རྒྱུར་སྐྱེས་ནས་མྱོང་འགྱུར་གྱི་ལས་གསོག་པ་དང་ཆོས་མཐུན་པར་བསོད་ནམས་ཀྱི་ཚོགས་གསོག པའི་ཚུལ། དེའི་འོག་ཏུ་ཕུང་སོགས་རིམ་གྱིས་ཐིམ་ནས་འཆི་བ་འོད་གསལ་མངོན་དུ་བྱས་པ་དང་ཆོས་མཐུན་པར་འཆི་བ་ཆོས་སྐུར་ཁྱེར་བའི་རྣལ་འབྱོར་ཡེ་ཤེས་ཀྱི་ཚོགས་གསོག་པའི་ཚུལ། འཆི་བ་འོད་གསལ་གྱི་རླུང་སེམས་ཙམ་ལས་བར་དོ་འགྲུབ་པ་དང་ཆོས་མཐུན་ པར་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་བཤད་པའོ། །དང་པོ་ལ་གཉིས། ཚོགས་ཞིང་སྤྱན་འདྲེན་པ་དང༌། དེ་ལ་མཆོད་པའི་ཚུལ་ལོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རང་ཧེ་རུ་ཀར་གསལ་བའི་ཐུགས་ཀར་བཾ་སེར་པོ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་དཔལ་མཆོག་དང་པོའི་ཡི་གེ་ཧཱུཾ་ཡིག་མཐིང་བ། །ཆོས་དབྱིངས་ཡེ་ཤེས་སོགས་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་འོད་ཟེར་ལྔ་དང་ལྡན་པའི་འོད་ཟེར་རང་གི་ལུས་ཀྱི་ནང་གང་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ནས་ལུས་ཤེལ་གྱི་གོང་བུ་ལྟར་གསལ་ཞིང་དང་བ?་ བཞིན་དུ་རྣམ་པར་དག་པར་གྱུར་ཏེ། ཕྱིར་འཐོན་པའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ཀྱི་ལུས་སྦྱངས་ནས་སྒོ་གསུམ་དག་པར་བྱས། སྤྲིན་སྒྲའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་ཚོགས་ཞིང་རྣམས་སྤྱན་འདྲེན་པ་ཡིན་པའི་ཕྱིར། ཧཱུཾ་གིས་ཡེ་ཤེས་ལྔ་མཚོན་ཚུལ་ཡོད་དེ། ཨ་བྷྱས་ ཨུས་དོན་གྲུབ། ཧས་སྣང་མཐའ། མགོས་རིན་འབྱུང༌། ཟླ་ཚེས་ཀྱིས་རྣམ་སྣང༌། ཐིག་ལེ་ནཱ་ད་དང་བཅས་པས་མི་བསྐྱོད་པ་མཚོན་པར་བཤད་པའི་ཤུགས་ཀྱིས་རིམ་པ་བཞིན་དུ་བྱ་གྲུབ་ཡེ་ཤེས། སོར་རྟོག་ཡེ་ཤེས། མཉམ་ཉིད་ཡེ་ཤེས། མེ་ལོང་ཡེ་ཤེས། ཆོས་ @005B དབྱིངས་ཡེ་ཤེས་རྣམས་མཚོན་པར་བསྟན་པའི་ཕྱིར། ཚོགས་ཞིང་དུ་ཡུལ་གང་སྤྱན་འདྲེན་པ་ཡོད་དེ། བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ནས། ཁྲོ་བོའི་བར་ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་ལྟར་གང་བ་མདུན་གྱི་ནམ་མཁར་སྤྱན་འདྲེན་པ་ཡིན་པའི་ཕྱིར། གནས་ གང་ནས་སྤྱན་འདྲེན་པའི་ཚུལ་ཡོད་དེ། ཆོས་སྐུ་ལ་རང་བཞིན་གྱི་གནས་སུ་བྱས་ནས་གཟུགས་སྐུའི་རྣམ་པར་སྤྱན་འདྲེན་པ་དང༌། ལོངས་སྐུ་ལ་རང་བཞིན་གྱི་གནས་སུ་བྱས་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་དང༌། གནས་བྱེ་བྲག་པ་འོག་མིན་ལྟ་བུ་ནས་སྤྱན་འདྲེན་པ་ རྣམས་ལས་འདིར་ཕྱི་མ་ལྟར་བྱ་བ་ཡིན་པའི་ཕྱིར། བླ་མ་སྤྱན་འདྲེན་པའི་ཚུལ་ཡོད་དེ། སྤྱིར་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་དད་ཐ་མི་དད་པའི་ཚུལ་གཉིས་ཡོད་ཀྱང་འདིར་ཐ་དད་པའི་ཚུལ་དང༌། རྣམ་པ་ལའང་ཐ་མལ་པ་དང་ལྷའི་རྣམ་པ་གཉིས་ལས་རྡོ་རྗེ་འཆང་གི་རྣམ་ པར་སྤྱན་འདྲེན་པ་ཡིན་པའི་ཕྱིར། སྤྱན་དྲངས་པའི་འོག་ཏུ་འོད་ཟེར་གང་དུ་ཐིམ་པར་བསམ་པའི་ཚུལ་ཡོད་དེ། རང་གི་སྙིང་ཀར་ཐིམ་པར་བསམ་པ་ཡིན་པའི་ཕྱིར། དགོས་པ་ཡོད་དེ། རླུང་ཐམས་ཅད་སྙིང་ཀར་བསྡུས་ནས་འོད་གསལ་འཆར་བའི་དགེ་རྩ་སྨིན་བྱེད་དུ་ འགྱུར་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་གྱི་དང་པོ་ཕྱག་འཚལ་བའི་ཚུལ་ཡོད་དེ། གང་གི་དྲིན་གྱིས་ཞེས་སོགས་ཚིགས་བཅད་གཅིག་གིས་བླ་མ་དང༌། ཧེ་རུ་ཀ་དཔལ་སོགས་རྐང་པ་བཞིས་གཙོ་བོ་ཡབ་ཡུམ་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་ ཡུམ་དང་འཁོར་རྣམས་ལ་ཕྱག་འཚལ་བ་ཡིན་པའི་ཕྱིར། ཚིགས་བཅད་དང་པོའི་དོན་ཡོད་དེ། བླ་མ་གང་གི་དྲིན་གྱིས་མཐར་ཐུག་གི་བདེ་བ་ཆེན་པོའི་གནས་སྐད་ཅིག་གིས་ཏེ་ཚེ་གཅིག་ལ་ཐོབ་པར་འགྱུར་བ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་ཆོས་མཚུངས་པ་འབྲས་དུས་ཀྱི་རྡོ་ @006A ༄༅། །རྗེ་ཅན་ཏེ་རྡོ་རྗེ་འཆང་གི་ངོ་བོར་བལྟས་པའི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་བ་སྟེ་འདུད་པའི་ཕྱིར། གཉིས་པའི་དོན་ཡང་ཡོད་དེ། ཧེ་རུ་ཀ་དཔལ་ནི་སྔར་བཞིན་དང༌། བདུད་བཞི་ལས་རྒྱལ་བས་ན་དཔའ་བོ་ཆེ། སྒྲིབ་གཉིས་དང་བྲལ་བས་ན་རྣམ་དག། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རང་གི་བདག་ཉིད་དུ་འཛིན་པས་ན་རྡོ་རྗེ། འདོད་རྒུར་བསྒྱུར་བས་ན་དབང་ཕྱུག་ཆེ་སྟེ་གཙོ་བོ་ཡབ་དང༌། རྗེས་སུ་ཆགས་པའི་སྦྱོར་བས་ཡབ་དེ་ཉིད་ཀྱི་ཐུགས་རྒྱུད་ལ་ཆགས་པ་ཆེན་པོ་ལྷན་སྐྱེས་ཀྱི་བདེ་བ་སྣ་ཚོགས་བསྐྱེད་པར་མཛད་པའི་ རྡོ་རྗེ་ཕག་མོ་དེ་ལ་འདུད་པ་ཡིན་པའི་ཕྱིར། གསུམ་པའི་དོན་ཡང་ཡོད་དེ། གནས་དང་ཉེ་བའི་ཞེས་སོགས་གྱིས་ཀྱང་རུང་ཞིང༌། འདིར་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་རྡོ་རྗེ་ཕག་མོ་དེ་ཉིད་མཁའ་འགྲོ་མ་རྣམས་ཀྱི་འཁོར་ལོ་སྒྱུར་བ་སྟེ་གཙོ་མོ་ཡིན་ལ། དེ་ཉིད་ཡེ་ཤེས་ལྔ་དང་སྐུ་ གསུམ་གྱི་བདག་ཉིད་ཅན་འགྲོ་བ་ཀུན་སྐྱོབ་བར་མཛད་པ་སྟེ་དེ་ལ་ཕྱག་འཚལ་ལོ་ཞེས་དང༌། མཁའ་འགྲོ་མ་གཞན་ཇི་སྙེད་ཡོད་པ་དེ་རྣམས་ཀྱང་ཀུན་ཏུ་རྟོག་པའི་འཆིང་བ་རྣམས་གཅོད་པར་མཛད་ཅིང༌། འཇིག་རྟེན་གྱི་དོན་གྱི་བྱ་བ་ལ་འཇུག་བ་དེ་སྙེད་ཀྱིས་མཚོན་པའི་ འཁོར་བཅས་རྣམས་ལ་ཕྱག་འཚལ་བ་ཡིན་པའི་ཕྱིར། གཉིས་པ་མཆོད་པ་འབུལ་བའི་ཚུལ་ཡོད་དེ། རང་གི་སྙིང་གནས་མེ་ཏོག་མ་དཀར་མོ། །བདུག་པ་མ་དུད་ཁ། མར་མེ་མ་དམར་མོ། །དྲི་ཆབ་མ་ལྗང་ཁུ། ཞལ་ཟས་མ་ཁ་དོག་སྣ་ཚོགས་པ་ཕྱག་དང་པོ་གཉིས་ ཀྱིས་རྡོར་དྲིལ་དང༌། གཉིས་པ་རྣམས་ན་རང་རང་གི་མཆོད་པ་འཛིན་པ་དང༌། གཟུགས་རྡོ་རྗེ་མ་དཀར་མོ། །སྒྲ་རྡོ་རྗེ་མ་སྔོན་མོ། །དྲི་རྡོ་རྗེ་མ་སེར་མོ། །རོ་རྡོ་རྗེ་མ་དམར་སེར། རེག་བྱ་རྡོ་རྗེ་མ་ལྗང་ཁུ། ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་རྣམས་ཕྱག་གཡས་ཀྱི་དང་པོ་ན་མེ་ལོང་ @006B པི་ཝང་དུང་ཆོས་སྦྲང་ཆང་ན་བཟའ་ཆོས་འབྱུང་དང༌། གཡས་ཀྱི་གཉིས་པ་རྣམས་ན་ཌཱ་མ་རུ། གཡོན་པ་རྣམས་ཀྱིས་གྲི་ཐོད་འཛིན་པ་དཔག་ཏུ་མེད་པ་སྤྲུལ་ཏེ་རང་རང་གི་སྔགས་བརྗོད་པ་དང་མཉམ་དུ་མཆོད་པ་ཡིན་པའི་ཕྱིར། ཆུ་གཉིས་འབུལ་བའི་ཚེ་ལྷ་མོ་རྣམས་ཁ་དོག་སྔོན་པོར་ རུང་བར་སེམས་ཏེ། འདི་ནི་གཞུང་ཆེ་བ་ནས་གསལ་བར་མ་བཤད་ལ། ཨོཾ་དང་ཧཱུཾ་བརྗོད་པའི་ཚེ་སྤྲོ་བསྡུ་བྱེད་པ་ནི་ཐམས་ཅད་ལ་འདྲའོ། །དེ་ནས་མཆོད་པ་གཞན་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རང་གི་ཐུགས་ཀའི་ཧཱུཾ་ལས་བྱུང་བའི་སྙིང་པོའི་རྣལ་འབྱོར་མ་བཞིས་ཐོད་པ་བདུད་རྩི་ལྔས་ གང་བས་མཆོད་བ་ནི་ནང་གི་མཆོད་པ་དང༌། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་ལྷ་ཐམས་ཅད་བདེ་བས་ཚིམ་པར་བསམ་པ་ནི་གསང་མཆོད་དང༌། བདེ་བས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡིན་ བའི་ཕྱིར། ནང་གི་མཆོད་པའི་སྐབས་སུ་ཨོཾ་སརྦ་བཛྲ་ཞེས་སོགས་ཀྱི་སྔགས་འབྱུང་བའི་དོན་གཞན་གྱིས་བཤད་པ་མ་མཐོང་ཡང་རང་གི་གོ་ཚོད་ལྟར་ན་འདི་བཞིན་དུ་སེམས་ཏེ། སརྦ་ནི་ཐམས་ཅད། བཛྲ་ནི་རྡོ་རྗེ། ཀཱ་མི་ནི་འདོད་མ། སརྦ་བྷཀྵ་ནི་ཐམས་ཅད་ཟོ། །ཤོ་དྷ་ཡ་ ནི་སྦྱོངས་ཤིག །གུ་ཧྱ་བཛྲ་ནི་ནི་གསང་བའི་རྡོ་རྗེ་ཅན། སྭཱ་ཧཱ་ནི་གཞི་ཚུགས་ཞེས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་སྐྱབས་འགྲོ་སོགས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། དཀོན་མཆོག་གསུམ་ལ་ཞེས་སོགས་ཀྱིས་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། བྱང་སེམས་ཀྱི་སྡོམ་པ་འཛིན་པ་དང༌། ཕྱིན་དྲུག་ལ་བསླབ་པར་དམ་འཆའ་བ་དང༌། དེའི་རྗེས་སུ་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་དང༌། བགྲོད་དཀའ་སྲིད་པའི་སོ(Gs) ཀྱིས་ @007A ༄༅། །ལུས་འབུལ་བ་དང༌། སེམས་ཅན་ཐམས་ཅད་ཞེས་སོགས་ཀྱིས་ཚད་མེད་བཞི་བསྒོམ་པ་ཡིན་པའི་ཕྱིར་རོ། །ཚོགས་ཞིང་མཆོད་ཅིང་སྐྱབས་འགྲོ་སོགས་བྱས་པ་ལ་དགོས་པ་ཡོད་དེ། ཚོགས་རྫོགས་ཤིང་སྒྲུབ་པའི་མཆོད་པར་འགྱུར་ བའི་ཆེད་ཡིན་བའི་ཕྱིར། ཚོགས་ཞིང་རྣམས་མཐར་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྤྱིར་རང་གནས་སུ་གཤེགས་པ་དང༌། མི་དམིགས་པར་བསམ་པ་དང༌། རང་ལ་ཐིམ་པར་བསམ་བ་རྣམས་ལས་འདིར་ཡིག་བརྒྱའི་མཇུག་ཏུ་རང་གི་སྨིན་མཚམས་སམ་སྙིང་ གར་ཐིམ་པར་བསམ་པ་ཡིན་པའི་ཕྱིར། དགོས་པ་ཡོད་དེ། བྱིན་གྱིས་བརླབ་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཞི་ལ་འཆི་བའི་ཚེ་ལས་དབང་གིས་ཕུང་ཁམས་སྐྱེ་མཆེད་དང་རླུང་རྣམས་རིམ་གྱིས་ཐིམ་ནས་འཆི་བ་འོད་གསལ་གྱི་རླུང་སེམས་ཕྲ་མོ་ མངོན་དུ་གྱུར་པ་ལ་འཆི་བ་ཞེས་བཏགས་པ་དང་ཆོས་མཐུན་པར་བསྒོམ་བ་ཡིན་ཏེ་འདི་ལ་གཉིས། སྔགས་ཀྱི་དོན་བཤད་བའི་སྒོ་ནས་སྟོང་ཉིད་སྒོམ་ཚུལ་དང༌། དེ་ཉིད་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་ཁྱེར་དུ་བསྟན་པའོ། །དང་པོ་ལ་སྭ་བྷཱ་ཝའི་སྔགས་དོན་དང་ མཐུན་པར་སྣང་བཅས་ཀྱི་སྟོང་ཉིད་སྒོམ་ཚུལ་ཡོད་དེ། ཆོས་ཐམས་ཅད་རང་གི་ངོ་བོས་གྲུབ་པ་མེད་ཀྱང་ཐ་སྙད་དུ་སྒྱུ་མ་ལྟར་ཀུན་རྟོག་གིས་བཏགས་པ་ཙམ་དུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། ཨོཾ་སྭ་བྷཱ་ཝ་ཞེས་སོགས་ཀྱི་དོན་ཡོད་དེ། ཨོཾ་ནི་མགོ་འདྲེན་དང༌། དེ་ལ་ཨ་ཨུ་ མ་གསུམ་ཡོད་པའི་སོ་སོས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མཚོན་ཞིང༌། ཨོཾ་གཅིག་ཏུ་དྲིལ་བས་ནི་རྡོ་རྗེ་གསུམ་དབྱེར་མེད་མི་ཕྱེད་པ་དེ་མཚོན། སྭ་བྷཱ་ཝ་ནི་རང་བཞིན། ཤུདྡྷ་ནི་དག་པ། སརྦ་དྷརྨཱཿནི། ཆོས་ཐམས་ཅད། སྭ་བྷཱ་ཝ་ནི་རང་བཞིན། ཤུདྡྷ་ནི་དག་པ། ཀོཉཧཾ་ནི་ @007B ངའོ་སྟེ། མདོར་ན་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་དེ་ངའོ་ཞེས་པའི་དོན་ཡིན་པའི་ཕྱིར། དེ་ནས་རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་བརྟན་པ་སྣོད་དང་གཡོ་བ་བཅུད་ཐམས་ཅད་ལ་འཕོག་པས། དེ་ཐམས་ཅད་འོད་ ཀྱི་རྣམ་པར་ཞུ་ནས་རང་གི་ལུས་ལ་ཐིམ། ལུས་ཀྱང་སྟོད་སྨད་ནས་རིམ་གྱིས་ཞུ་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་གི་ཞབས་ཀྱུ་ཨཱུ་ནི་ཧ་དང༌། དེ་མགོ་བོ་དང༌། དེ་ཟླ་ཚེས་དང༌། དེ་ཐིག་ལེ་དང༌། དེ་ནཱ་ད་ལ་རིམ་གྱིས་ཐིམ་ཞིང་ནཱ་ད་ཡང་སྟོང་པའི་འོད་གསལ་དུ་ཐིམ་ནས་མི་དམིགས་པར་ བསམས་ཤིང༌། ཨོཾ་ཤཱུ་ནྱ་ཏའི་སྔགས་བརྗོད་པར་བྱ་བ། དེའི་དོན་ཡང་ཡོད་དེ། ཤཱུནྱ་ཏ་ནི་སྟོང་ཉིད། ཛྙཱ་ན་ནི་ཡེ་ཤེས། བཛྲ་ནི་མི་ཕྱེད། སྭ་བྷཱ་ཝ་ནི་རང་བཞིན། ཨཏྨ་ཀ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་ཞེས་པའི་དོན་ཡིན་ཞིང༌། དེའི་ཚེ་ནམ་མཁའ་ལྟར་སྟོང་སད?་དུ་སོང་བའི་ཡུལ་ སྟོང་པ་ཉིད་དང་ཡུལ་ཅན་བདེ་ཆེན་གྱི་ཡེ་ཤེས་གཉིས་དབྱེར་མེད་པའི་བདག་ཉིད་དེ་ངའོ་སྙམ་དུ་གཉིས་སྣང་ཐམས་ཅད་དང་བྲལ་བའི་རྒྱལ་བའི་ཐུགས་ཆོས་སྐུའི་ང་རྒྱལ་བཟུང་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་སྒོམ་པར་བྱེད་པའི་ཚུལ་འདི་ལ་ འཆི་བ་ཆོས་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་བྱ་སྟེ། སྦྱང་གཞི་འཛམྦུའི་གླིང་པའི་མི་མང་ལ་སྐྱེས་ཁམས་དྲུག་ལྡན་འཆི་བ་འོད་གསལ་མངོན་དུ་བྱས་པ་དང་ཆོས་མཐུན་ཞིང་སྒྲུབ་པ་པོ་རང་ཉིད་ཀྱི་འཆི་བ་སྦྱོང་བར་བྱེད། ལམ་རྫོགས་རིམ་གྱི་སྐབས་སུ་རླུང་ཐམས་ཅད་སྙིང་ཀའི་ མི་ཤིགས་པ་ལ་བསྡུས་ནས་ཐིམ་པའི་དཔེ་དོན་གྱི་འོད་གསལ་མངོན་དུ་བྱས་པ་དང་ཆོས་མཐུན་ཞིང༌། དེ་ལྟ་བུའི་འགྲུབ་པའི་དགེ་རྩ་སྨིན་བྱེད་དུ་འགྱུར། འབྲས་བུ་གཉིས་སྣང་མཐའ་དག་དང་བྲལ་བའི་རྒྱལ་བའི་ཐུགས་ཆོས་སྐུ་དང་རྣམ་པ་མཐུན་ཞིང༌། དེ་མངོན་ @008A ༄༅། །དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་རོ། །དེ་ལྟར་སྔགས་གཉིས་གྱི་དོན་དྲ་པའི་སྒོ་ནས་སྟོང་ཉིད་བསྒོམས་པ་ལ་དགོས་པ་ཡོད་དེ། འཆི་བ་ཆོས་སྐུར་འཁྱེར་བའི་ལམ་ཁྱེར་དུ་འགྱུར་བ་དང༌། དོན་དམ་པའི་སྲུང་བར་འགྱུར་ བ་དང༌། སྟོང་ཉིད་ཀྱི་ལྟ་བ་སྔར་ཡོད་བརྟན་པ་དང༌། སྔར་མེད་གསར་དུ་རྟོགས་པར་འགྱུར་བ་དང༌། བསྒོམས་པར་འགྱུར་བའི་རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་རྣམ་རོལ་ཏུ་འཆར་བའི་ཆེད་ཡིན་པའི་ཕྱིརོ། །གསུམ་པ་ཇི་ ལྟར་བསྒོམ་པའི་ཚུལ་ཡོད་དེ། དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་སྟོང་པའི་ངང་ལས་རང་གི་སེམས་ནཱ་དའི་གཟུགས་ཤིན་ཏུ་ཕྲ་བ་དཀར་ལ་དམར་བའི་མདངས་ཅན་གྱེན་འགྲེང་སུམ་འཁྱོག་ཞིག་ནམ་མཁར་གནས་པར་གྱུར་པར་བསམ་པ་ཡིན་པའི་ཕྱིར། དེ་ ལྟར་སྒོམ་པའི་ཚུལ་འདི་ལ་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། གཞི་ལ་འཆི་བ་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་སེམས་ལས་བར་དོ་གྲུབ་པ་དང་ཆོས་མཐུན་ཞིང་རང་ཉིད་ལ་འབྱུང་འགྱུར་གྱི་བར་དོ་སྦྱོང་བར་བྱེད། ལམ་རྫོགས་རིམ་གྱི་སྐབས་ སུ་དཔེ་དོན་གྱི་འོད་གསལ་ལས་དག་མ་དག་གི་སྒྱུ་མའི་སྐུ་འགྲུབ་པ་དང་ཆོས་མཐུན་ཞིང་དེ་ལྟ་བུའི་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་འགྱུར། འབྲས་བུ་སངས་རྒྱས་ཀྱི་ལོངས་སྐུ་དང་རྣམ་པ་མཐུན་ཞིང་དེ་ལ་ང་རྒྱལ་བཞག་ནས་ ད་ལྟ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བསྒོམས་པས་དེ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར། དེ་ལྟར་ན་སྟོང་པའི་ངང་ལས་ནཱ་ད་ནམ་མཁར་འཇོག་པའི་རྒྱུ་མཚན་ཡོད་དེ། ཚུལ་དེས་གཞི་དུས་སུ་འཆི་བ་འོད་གསལ་ལས་བར་དོ་འབྱུང་བ་དང༌། ལམ་ @008B དུས་སུ་དཔེ་དོན་གྱི་འོད་གསལ་ལས་སྒྱུ་མའི་སྐུ་གཉིས་འབྱུང་བ་མཚོན་ཞིང་དེ་དང་ཆོས་མཐུན་སྦྱོར་བའི་ཆེད་ཡིན་པའི་ཕྱིར། ནཱ་ད་སུམ་འཁྱོག་དང་ཁ་དོག་དཀར་ལ་དམར་བའི་མདངས་ཅན་དུ་བྱས་པ་ས་དགོས་པ་ཡོད་དེ། རིམ་པ་བཞིན་བར་དོའི་ལུས་ངག་ཡིད་གསུམ་དང་ བར་དོ་ཆགས་པས་བཅིངས་པ་དེ་མཚོན་པའི་ཕྱིར། གཞན་དུ་ན་བར་དོའི་མཚོན་བྱེད་ལ་བཞིན་ལག་གི་རྣམ་པ་ཅན་དུ་བཤད་པ་ཡོད་ཀྱང་འདིར་ནཱ་ད་ཉིད་ཀྱིས་དེ་མཚོན་པ་མི་འགལ་ཏེ། བར་དོའི་ལུས་ཀྱི་དབྱིབས་མི་འདྲ་བ་དུ་མ་འབྱུང་བར་ཤེས་པའི་ཆེད་ཡིན་པའི་ ཕྱིར་རོ། །གསུམ་པ་འགལ་རྐྱེན་བཟློག་པའི་ཕྱིར་སྲུང་འཁོར་བསྒོམ་པ་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་ཀྱང༌། འདིར་བསྡུས་པའི་དབང་དུ་མཛད་པ་སྟེ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རང་ནམ་མཁའི་ནཱ་དར་གནས་པ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་ པར་མཆེད་དེ། དེའི་ང་རྒྱལ་གྱིས་ཨོཾ་སུཾ་བྷ་ནི་སོགས་ཞལ་བཞི་པའི་སྔགས་ངག་ཏུ་བརྗོད་པས་ཕྱོགས་བཞིར་སྔགས་ཚན་དེ་རྣམས་འཁོད་པར་བསམ་པར་བྱ་སྟེ། དེ་ཡང་ཤར་དུ་ནག་བྱང་དུ་ལྗང་ནུབ་ཏུ་དམར་ལྷོར་སེར་བ་གཡོན་སྒོར་དུ་གྲུ་བཞིར་གནས་པའི་འོད་ཟེར་ སྟེང་ཚངས་པའི་འཇིག་རྟེན་ནས་འོག་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་ཁྱབ་པ། དེ་རྣམས་ཡོངས་སུ་གྱུར་པ་ལས་དེ་ལྟ་བུའི་ཁ་དོག་ཅན་གྱི་རྡོ་རྗེའི་ར་བ་ཚད་ཀྱང་སྔར་ལྟར་ལ། དེ་དང་མཉམ་དུ་འོག་ཏུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པའི་ཧཱུཾ་གི་འོད་ཟེར་ ལས་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་རྡོ་རྗེའི་ས་གཞི་དང༌། སྟེང་དང་ལོགས་སུ་འཕྲོས་པས་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་མདའི་དྲ་བ་དང༌། དེའི་འོག་ཏུ་རྡོ་རྗེའི་གུར་གྲུ་བཞི་བའི་རྣམ་པ་ཅན་རྩེ་མོ་རིམ་གྱིས་ཕྲ་བ། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་སྟེ་ཐམས་ @009A ༄༅། །ཅད་ཀྱང་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་རྡོ་རྗེའི་མེ་བསྐལ་བ་འཇིག་པའི་དུས་ཀྱི་མེ་ལྟ་བུ་ཕྱོགས་སུ་འཕྲོ་བ་ཞིག་ཏུ་བསམས་ལ། ཨོཾ་མེ་དེ་ནི་ཞེས་སོགས་ཀྱི་སྔགས་ཚན་དྲུག་བརྗོད་ནས་བྱིན་གྱིས་བརླབས་ ཏེ༑ འགྲོ་བ་ཐམས་ཅད་ཀྱང་བགེགས་དང་བྲལ་བར་བསམ་པ་ཡིན་པའི་ཕྱིར། སྲུང་འཁོར་བསྒོམས་པ་ལ་དགོས་པ་ཡོད་དེ། སྒྲུབ་ཐབས་སྒོམ་པའི་ཚེ་བར་ཆད་མི་འབྱུང་བའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ཐུན་དངོས་གཞི་ལ་ཇི་ལྟར་བྱ་བ་ལ་གཉིས། གཞལ་ ཡས་ཁང་གང་དུ་བསྒོམ་པའི་རྟེན་བསྐྱེད་པ་དང༌། རྟེན་བརྟེན་པའི་རྣལ་འབྱོར་ཡན་ལག་དང་བཅས་པ་བསྒོམ་ཚུལ་ལོ། །དང་པོ་ཇི་ལྟར་བསྒོམ་ཚུལ་ཡོད་དེ། སྔར་བཤད་པའི་སྲུང་འཁོར་གྱི་དབུས་སུ་ཡཾ་རཾ་བཾ་ལཾ་གྱི་ཡི་གེ་བཞི་ལས་རིམ་པར་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་རིམ་ བརྩེགས་ཀྱི་སྟེང་དུ། སུཾ་ལས་རི་རབ་ལྷུན་པོ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་གྲུ་བཞི་པ་སྟེང་གི་ཕྱོགས་མཚམས་སུ་རི་ཆུང་བའི་ལྕོག་བརྒྱད་ཀྱིས་མཛེས་པར་བྱས་པ། དེའི་སྟེང་དུ་བཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་གྲུ་བཞི་པ། དེའི་ལྟེ་བར་ སྣ་ཚོགས་པདྨ་ཆུང་ངུ་སྒྲུབ་ཐབས་ནས་འབྱུང་བ་ལྟར་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ལྔ། རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་ཚུལ། དེ་གསལ་གདབ་ཚུལ། ཕྱོགས་མཐུན་གྱི་དག་པ་དྲན་ཚུལ། གོ་བགོ་ཞིང་ཡེ་ཤེས་པ་བཅུག་ནས་དབང་བསྐུར་ ཚུལ། མཆོད་བསྟོད་བྱས་ནས་བསྒོམ་ཚུལ་ལོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྣ་ཚོགས་པདྨ་ཆུང་ངུའི་དབུས་སུ་འབྲས་བུ་སངས་རྒྱས་ཀྱི་མཚན་སོགས་སོ་གཉིས་ཀྱི་ངོ་བོ་ཨ་ཨཱ་སོགས་ཨཱ་ལི་དཀར་པོ་ཕྲག་གཅིག་གཡས་བསྐོར་དང་ཕྲག་གཅིག་གཡོན་བསྐོར་ @009B དུ་རིམ་པ་གཅིག་གིས་དང༌། དེའི་ཕྱི་རོལ་ཏུ་དཔེ་བྱད་བརྒྱད་ཅུའི་ངོ་བོ་ཀ་ཁ་སོགས་ཀཱ་ལི་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡས་བསྐོར་དང་ཕྲག་གཅིག་གཡོན་བསྐོར་དུ་གྱེན་འགྲེང་དུ་རིམ་པ་གཅིག་གིས་གནས་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་ འཁོར་དཀར་ལ་དམར་བའི་མདངས་ཅན་དབྱངས་གསལ་གྱི་ཡི་གེ་རྣམས་གཟུགས་བརྙན་ཤར་བ་བཞིན་དུ་སྣང་པའི་དབྱངས་ཡིག་དང་ཟླ་བའི་ཁ་དོག་དཀར་བའི་ཆ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱང་ཆུབ་པ་དང༌། གསལ་བྱེད་དང་ཟླ་བའི་ཁ་དོག་དམར་བའི་ཆ་ནི་ མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱང་ཆུབ་པ་དང༌། དེ་ནས་རང་ནམ་མཁའི་ནཱ་དས་ཟླ་བ་དཀར་དམར་མཐོང་ནས་བདག་སངས་རྒྱས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་དང་འདྲ་བའི་ཟླ་བའི་དབུས་སུ་སྐྱེ་བ་བླངས་པ་དང་འདྲ་བར་སངས་རྒྱས་ཀྱི་སྐུ་བཟུང་ནས་སེམས་ཅན་ གྱི་དོན་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས། བར་དོའི་དོད་ཀྱི་ནཱ་ད་ཟླ་བའི་དབུས་སུ་ཞུགས་ཏེ་ནཱ་ད་ལས་ཐིག་ལེ་ཟླ་ཚེས་ཧའི་ལུས་ཨཱུ་རིམ་གྱིས་གྲུབ་པའི་ཚུལ་གྱིས་སྐྱེ་བ་བླངས་པའི་དོད་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོར་བསྐྱེད་པ་ནི་སོ་སོར་ རྟོག་པའི་ཡེ་ཤེས་ལས་བྱང་ཆུབ་པ་དང༌། ཧཱུཾ་ཡིག་དེ་ལས་ལྷ་ལྔའམ་འཁོར་ལོ་ལྔའི་ཚོགས་སྤྲོས་ནས་འགྲོ་བ་རྣམས་དེ་དག་གི་གོ་འབང་ལ་བཀོད་དེ། སྔོན་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལྷན་ཅིག་སྤྱན་དྲངས། སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ ཞུ་བ་ཧཱུཾ་ཡིག་གི་ནཱ་ད་ལ་ཐིམ་པས་ཧཱུཾ་ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་དུ་བསམ་པ་ནི་བྱ་གྲུབ་ཡེ་ཤེས་ལས་བྱང་ཆུབ་པ་ཡིན་ལ། དེ་ནས་སྔགས་ཀྱི་དོན་བཞིན་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པའི་རང་བཞིན་གྱི་བདག་ཉིད་དེ་ངའོ་སྙམ་ @010A ༄༅། །དུ་བསམས་ཏེ། ཨོཾ་ཨཱཿཧཱུཾ། སརྦ་བཱི་ར་ཡོ་གེ་ནི་ཞེས་སོགས་ཀྱི་སྔགས་གཉིས་བརྗོད་པའི་སྒོ་ནས་ཟླ་ཉིད་དབྱངས་གསལ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་ཅིག་ཅར་དུ་གྲུབ་པར་ བསམ་བ་ནི་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པ་ཡིན་པའི་ཕྱིར། སྔགས་སོ་སོའི་དོན་ཡང་ཡོད་དེ། ཨོཾ་ཨཱཿཧཱུཾ་ནི་རྡོ་རྗེ་གསུམ། ཨོཾ་ནི་བཤད་ཟིན་ལ། སྔགས་སྔ་མའི་སརྦ་ནི་ཐམས་ཅད། བཱི་ར་ནི་དཔའ་བོ། །ཡོ་གི་ནཱི་ནི་རྣལ་འབྱོར་མ། ཀཱ་ཡ་ ཝཱ་ཀ་ཙིཏྟ་ནི་སྐུ་གསུང་ཐུགས། བཛྲ་ནི་རྡོ་རྗེ། སྭ་བྷཱ་ཝ་ནི་རང་བཞིན། ཨཏྨ་ཀ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་ཞེས་པའི་དོན་དང༌། ཕྱི་མའི་བཛྲ་ཤུདྡྷ་ནི་རྡོ་རྗེ་དག་པ། སརྦ་དྷརྨཱ་ནི་ཆོས་ཐམས་ཅད། བཛྲ་ཤུདྡྷ་དང་ཨ་ཧཾ་ནི་སྔར་བཞིན་ཡིན་པའི་ཕྱིར། ཚུལ་འདི་ ལ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། སྦྱང་གཞི་ཕ་མའི་ཁུ་ཁྲག་གི་དབུས་སུ་བར་དོའི་རྣམ་ཤེས་ཞུགས་ཏེ་ཉིང་('MTSA)མྶ་སྦྱར་ནས་སྐྱེ་བ་བླངས་པ་དང་ཆོས་མཐུན་ཞིང་རང་ཉིད་ཀྱི་སྐྱེ་བ་སྦྱོང་བར་བྱེད། ལས་རྫོགས་རིམ་གྱི་སྐབས་སུ་དག་མ་ དག་པའི་སྒྱུ་མའི་སྐུས་རགས་པའི་ཕུང་པོ་བཟུང་བ་དང་ཆོས་མཐུན་ཞིང༌། དེ་ལྟ་བུའི་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་འགྱུར། འབྲས་བུ་སངས་རྒྱས་ཀྱི་སར་ལོངས་སྐུས་གཞན་དོན་དུ་རགས་པའི་སྤྲུལ་སྐུ་བཟུང་བ་དང་ཆོས་མཐུན་ཞིང་དེ་ལྟ་བུའི་སྤྲུལ་ སྐུ་དེ་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བསྒོམས་པས་དེ་མྱུར་དུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིརོ། ཕྱི་ལ་སྦྱར་ན་འབྱུང་བཞི་རི་རབ་སོགས་ཀྱི་མཚོན་ཚུལ་ཡོད་དེ། འབྱུང་བཞི་རི་རབ་དང་བཅས་པས་ཕ་མའི་ལུས་ཀྱི་སྤྱི་མཚོན། པདྨ་ཆུང་ངུས་ལུས་ཀྱི་རྩ་ @010B འཁོར་རྣམས་མཚོན། ཨཱ་ལིས་རྐྱང་མའི་ནང་གི་ཁམས་དཀར་པོ་མཚོན། ཀཱ་ལིས་རོ་མའི་ནང་གི་ཁམས་དམར་པོ་མཚོན། དེ་གཉིས་འདྲེས་པ་ལས་ཟླ་བ་དཀར་ལ་དམར་བའི་མདངས་ཅན་དུ་གྱུར་པས་ནི་ཕ་མའི་ཁུ་ཁྲག་མངལ་དུ་འདྲེས་པ་དེ་མཚོན། ཟླ་བའི་དབུས་ སུ་ནཱ་ད་ཞུགས་པས་ནི་ཁུ་ཁྲག་འདྲེས་པའི་དབུས་སུ་བར་དོའི་རླུང་སེམས་ཞུགས་པ་དང་ཆོས་མཐུན། ནཱ་ད་ནས་ཧཱུཾ་ཡིག་རྫོགས་པའི་བར་ནི་མངལ་དུ་ལུས་རིམ་གྱིས་འཕེལ་བ་དང་ཆོས་མཐུན། ཧཱུཾ་ཡིག་དེ་ལས་འབྲས་བུ་ཧེ་རུ་ཀར་གྱུར་པ་ནི་མངལ་དུ་ལུས་རྫོགས་ནས་ ཕྱི་རོལ་ཏུ་བཙས་པ་དང་ཆོས་མཐུན་པའི་ཕྱིར། ནང་ལ་སྦྱར་ནས་མཚོན་ཚུལ་ཡོད་དེ། འབྱུང་བཞི་རི་རབ་དང་བཅས་པས་རིམ་གཉིས་ཀྱི་སྒྲུབ་པ་པོ་ཡབ་ཡུམ་གྱི་ལུས་སྤྱི་ཙམ་པ་དེ་མཚོན། སྣ་ཚོགས་པདྨས་དེའི་རྩ་འཁོར། ཨཱ་ལིས་དེའི་ཁམས་དཀར་པོ། །ཀཱ་ ལིས་ཁམས་དམར་པོ། །དེ་གཉིས་ལས་བྱུང་བའི་ཟླ་བ་དཀར་དམར་གྱིས་བདེ་ཆེན་གྱི་ཡེ་ཤེས། ཟླ་བར་ནཱ་ད་ཞུགས་ནས་ཧཱུཾ་ཡིག་ཏུ་གྱུར་པའི་བར་གྱིས་དགའ་བཞི་དྲངས་ཏེ་བདེ་ཆེན་གྱི་ཡེ་ཤེས་རྫོགས་པར་སྐྱེ་བ་དེ་མཚོན་པའི་ཕྱིར། གཞན་ཡང་མཚོན་ཚུལ་ཡོད་དེ། སྣ་ ཚོགས་པདྨས་རྫོགས་རིམ་པས་གང་ལ་གནད་དུ་བསྣུན་པའི་ལྟེ་བའི་རྩ་འཁོར་སོགས་མཚོན། ཀཱ་ལིས་གཏུམ་མོ། །ཨཱ་ལིས་རྫོགས་རིམ་པའི་ཁམས་དཀར་པོ། །དེ་གཉིས་ལས་བྱུང་བའི་ཟླ་བས་ཁམས་དཀར་དམར་གྱི་འདུ་འཕྲོད་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ། ནཱ་ད་ཞུགས་པ་ནས་ཧཱུཾ་ཡིག་རྫོགས་པའི་བར་གྱིས་ནི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་དགའ་བཞི་དྲངས་ནས་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་སྒོམ་པ་དེ་མཚོན་པའི་ཕྱིར། འབྱུང་བཞི་རི་རབ་གཞལ་ཡས་ཁང་དང་བཅས་པ་བསྒོམས་པ་ལ་དགོས་པ་ཡོད་དེ། གཞི?་ལ་ @011A ༄༅། །འབྱུང་བཞི་རི་གླིང་སོགས་ཆགས་པ་དང་ཆོས་མཐུན་ཞིང་རང་ཉིད་མ་འོངས་པ་ན་མ་དག་པའི་སྣོད་ཀྱི་འཇིག་རྟེན་དུ་ལས་ཀྱིས་ལོངས་སྤྱོད་པའི་ནུས་པ་སྦྱོང་བ་དང༌། ལམ་དང་འབྲས་བུའི་དུས་སུ་ཡེ་ཤེས་ཀྱི་གཞལ་ཡས་ཁང་འགྲུབ་པ་དང་རྣམ་པ་ མཐུན་ཞིང་དེའི་དགེ་རྩ་སྨིན་བྱེད་དུ་འགྱུར་བའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་རྟེན་བརྟེན་པ་གཉིས་ལས་དང་པོ་རྟེན་གསལ་གདབ་ཚུལ་ཡོད་དེ། མཐར་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་ཞིང་མེ་རི་རྡོར་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་དུ་སྣ་ཚོགས་ པདྨའི་ལྟེ་བར་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་འམ་ཉི་ཤུ་བ་གང་རུང་དང༌། རྭ་རྣམས་ཀྱང་རྭ་ཁྲའམ་ཕྱོགས་མདོག་གང་རུང༌། རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་ཕབ་བཞི་དང་བཅས་པ། རྩིག་པ་རྣམས་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བ། ཕ་གུ་གསེར་གྱི་སྐ་རགས་དྲ་བ་དྲ་ཕྱེད་བྱ་འདབ་ཤར་བུ་མདའ་ཡབ་སོགས་དང༌། ནང་དུ་ཕྱོགས་རེ་རེར་ཀ་བ་གཉིས་གཉིས་གཉིས་ཉེ་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པ། རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་ཤིང༌། ཤར་དཀར་བ་ སོགས་དང༌། ཀ་བའི་འཛུགས་ས་དང་གདུང་ལྕམ་དང་བཅས་པའི་ཐོག་དང༌། རྒྱ་ཕིག་བྱ་ཚུལ་སོགས་སྒྲུབ་ཐབས་དང་དེར་མི་གསལ་བ་རྣམས་གཞན་ནས་འབྱུང་བས་ཀྱང་ཁ་བསྐང་ནས་བྱ་བ་ཡིན་པའི་ཕྱིར། གཉིས་པ་བརྟེན་པ་གསལ་གདབ་ཚུལ་ཡོད་དེ། གཞལ། ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རང་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་བ། །ཞལ་བཞི་པ། ཕྱག་བཅུ་གཉིས་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ལ་འཁྱུད་པ། གཡས་བརྐྱང་གིས་འཇིགས་བྱེད་དང་དུས་མཚན་མནན?་ @011B ནས་བཞུགས་པ་སོགས་མངོན་རྟོགས་ལས་འབྱུང་བ་ལྟར་དང༌། ཕྱོགས་བཞིའི་འདབ་མར་ཉི་མ་དང་རོའི་གདན་ལ་ཤར་ནས་གཡོན་བསྐོར་དུ་མཁའ་འགྲོ་མ་སོགས་བཞི་དང༌། མཚམས་བཞིར་ཟླ་གདན་ལ་བདུད་རྩིས་གང་བའི་བུམ་པའི་སྟེང་དུ་ཀ་པཱ་ལ་བྱང་ཆུབ་ཀྱི་སེམས་ ཀྱིས་གང་བ་རེ་རེ་སྒྲུབ་ཐབས་ལྟར་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། ཉམས་དགུ་འཇོག་པའི་ཚུལ་ཡོད་དེ། སྐུ་འགྱིང་བག་དང་ལྡན་པས་སྒེག་པ། འཇིགས་བྱེད་དང་དུས་མཚན་མནན་པས་དཔའ་བ། ཁྲོ་གཉེར་བསྡུས་པས་མི་སྡུག་པ་སྟེ་སྐུའི་ཉམས་གསུམ་དང༌། ཞལ་ཅུང་ཟད་བཞད་པའི་རྣམ་པ་ཅན་ཡིན་པས་རྒོད་པ། མཆེ་བ་གཙིགས་པས་དྲག་ཤུལ། ལྗགས་འདྲིལ་བས་འཇིགས་སུ་རུང་བ་སྟེ་གཡུང་གི་ཉམས་གསུམ་དང༌། སྤྱན་དཀྱུས་རིང་བས་སྙིང་རྗེ། སྤྱན་གདངས་པས་རྔམ་པ། སྤྱན་ཟུར་གྱིས་ཡུམ་ལ་གཟིགས་པས་ ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་དང་བཅས་པའི་དགུར་འཇོག་པ་ཡིན་པའི་ཕྱིར། ཧེ་རུ་ཀ་ཡབ་ཡུམ་གྱི་སྐུའི་ཆ་ཤས་ཀྱིས་མཚོན་དོན་དང་དག་པ་དྲན་ཚུལ་ཡོད་དེ། སྐུ་མདོག་སྔོ་བས་ནམ་ཡང་མི་གཡོ་བ། ཡུམ་དང་སྙོམས་པར་སྦྱོར་བས་བདེ་སྟོང་དབྱེར་མེད་དུ་སྦྱོར་ བ། ཟླ་བ་ཕྱེད་པ་འཕྱང་བས་སྤྱི་བོའི་བྱང་སེམས་ཞུ་བ། མི་རུས་ཀྱི་ཐལ་བས་བྱུགས་པས་སྤྱི་བོའི་བྱང་སེམས་ཞུ་ནས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ། ཞལ་བཞིས་རྣམ་པར་ཐར་པའི་སྒོ་བཞི། ཕྱག་བཅུ་གཉིས་ཀྱིས་རྟེན་འབྲེལ་བཅུ་གཉིས་དག་པ། ཁ་ཊྭཱཾ་གས་ བྱང་ཆུབ་ཀྱི་སེམས། རྡོ་རྗེ་དྲིལ་བུ་འཛིན་པས་བདེ་སྟོང་དབྱེར་མེད། གླང་ལྤགས་ཀྱིས་གཏི་མུག་བྲལ་བ། ཌ་མ་རུས་དགའ་བའི་སྒྲས་སངས་རྒྱས་རྣམས་བསྐུལ་བ། དགྲ་སྟ་དང་གྲི་གུག་གི་སྒོ་གསུམ་གྱི་སྐྱོན་དང་མཐར་འཛིན་གཅོད་པ། མདུང་རྩེས་ཁམས་ @012A ༄༅། །གསུམ་གྱི་ཉོན་མོངས་འབིགས་པ། ཐོད་པས་ཐུགས་བདེ་ཆེན་གྱིས་གང་བ། ཞགས་པས་བདེ་ཆེན་གྱིས་བཅིངས་པ། ཚངས་མགོས་མི་གནས་པའི་མྱང་འདས་མངོན་དུ་མཛད་པ། ཕྱག་རྒྱ་དྲུག་གིས་ཕྱིན་དྲུག །ཐོད་སྐམ་ལྔས་འོད་གསལ་ལས་ སྒྱུ་མའི་སྐུར་བཞེངས་པ། རལ་པ་གྱེན་བརྫེས་ཀྱིས་ཡོན་ཏན་གོང་དུ་འཕེལ་བ། སྣ་ཚོགས་རྡོ་རྗེས་འཕྲིན་ལས་བཞིས་འགྲོ་དོན་མཛད་པ། ཞལ་འགྱུར་བས་ལོག་པའི་ལྟ་བ་སྤངས་པ། མཆེ་བ་བཞི་གཙིགས་པས་བདུད་བཞི་འཇོམས་པ། སྤྱན་གསུམ་གྱིས་དུས་ གསུམ་གྱི་ཆོས་རྣམས་གཟིགས་པ། འཇིགས་བྱེད་ཡབ་ཡུམ་མནན་པས་ནི་སྲིད་ཞིའི་མཐའ་དང་རྟག་ཆད་ཀྱི་མཐའ་གཉིས་སྤངས་པ་མཚོན་པའི་ཕྱིར་རོ། །གསུམ་པ་ལ་གཉིས། བདེ་ཆེན་འདྲེན་ཚུལ་དང༌། ཕྱོགས་མཐུན་གྱི་དག་པ་དྲན་ཚུལ་དངོས་སོ། །དང་པོ་ལ་ གསང་གནས་བྱིན་གྱིས་བརླབ་པ་དང་མཚོན་ཚུལ་ཡོད། གསང་གནས་གཉིས་སྟོང་པར་སྦྱངས་ནས་རྡོ་རྗེ་དང་པདྨར་བསྐྱེད་ཚུལ་ལྟར་བྱ་ཞིང༌། དེ་ཡང་རྡོ་རྗེ་དཀར་པོས་ཁམས་དཀར་པོ་དང་རྩེ་ལྔ་པས་རྩ་ལྔ་མཚོན་པ། ནོར་བུ་དམར་པོས་ཁམས་དཀར་པོ་ལ་ཁམས་ དམར་པོའི་ཆ་ཅུང་ཟད་ཡོད་པ། པདྨ་དམར་པོ་འདབ་མ་གསུམ་གྱིས་རོ་རྐྱང་དབུ་གསུམ་དང་ཁམས་དམར་པོ། །ཟེའུ་འབྲུ་དཀར་པོས་ཁམས་དམར་པོ་ལ་ཁམས་དཀར་པོའི་ཆ་ཅུང་ཟད་ཡོད་པ། བྱཱ་དང་དྱཱས་ཐུར་སེལ་རེངས་སྟོབས་ཀྱིས་ཁམས་ཕྱིར་འཕོ་བ་བཀག ནས་བདེ་ཆེན་འདྲེན་པར་མཚོན་པའི་ཕྱིར། དེ་ནས་ཡབ་ཡུམ་གྱི་གནས་བཞི་བྱིན་གྱིས་བརླབས་ནས་སྙོམས་འཇུག་བྱ་བའི་ཚུལ་ཡོད་དེ། ལྟེ་བ་ལ་སོགས་པའི་གནས་བཞིར་ཉི་མ་དང་ཟླ་བའི་གདན་ལ་སྙིང་པོ་དང་ཉེ་སྙིང་ཁ་དོག་དམར་པོ་འོད་ཟེར་འཕྲོ?་ ཞིང་ @012B འོད་ཟེར་ཕན་ཚུན་དུ་འཁྱུད་པའི་རྣམ་པ་ཅན་བསམ་ཞིང་ངག་ཏུ་ཤྲཱི་མ་ཧཱ་སུ་ཁ་ཞེས་སོགས་ཀྱི་སྔགས་བརྗོད་དེ་སྙོམས་པར་འཇུག་པ་ཡིན་པའི་ཕྱིར། གནས་བཞིར་ཡི་གེ་དེ་རྣམས་འགོད་པའི་རྒྱུ་མཚན་ཡོད་དེ། དེ་བཞི་དགའ་བཞི་སྐྱེ་བའི་གནས་ཡིན་པས་སྔགས་ ཀྱིས་དེ་བཞི་བྱིན་གྱིས་བརླབས་པ་ལ་བརྟེན་ནས་དགའ་བཞི་ཁྱད་པར་ཅན་དྲངས་ནས་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ཆེད་ཡིན་པའི་ཕྱིར། སྔགས་དོན་ཡོད་དེ། ཤྲཱི་མ་ཧཱ་སུ་ཁ་ནི་དཔལ་བདེ་བ་ཆེན་པོ་ཞེས་ཡིན་ལ། བཛྲ་ཧེ་རུ་ཀའི་དོན་ནི་སྔར་བཤད་ཟིན་པའི་ཕྱིར། འདིར་སྙོམས་འཇུག་བྱས་པ་ལ་དགོས་པ་ཡོད་དེ། རྫོགས་རིམ་གྱི་བདེ་ཆེན་སྐྱེ་བའི་རྒྱུད་སྨིན་པ་དང༌། རྟེན་བརྟེན་པའི་དཀྱིལ་འཁོར་བདེ་ཆེན་གྱི་ཡེ་ཤེས་ཀྱི་ངོ་བོར་འཆར་བའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། དེ་ལྟ་བུའི་ལྷན་སྐྱེས་ཀྱི་བདེ་ བས་ཆོས་ཅན་བྱང་ཕྱོགས་སོ་བདུན་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་དང་མཉམ་པར་སྦྱར་བའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་ལྷ་ལྔའི་རྣམ་པར་ཤར་བའི་ཚུལ་གྱིས་བསྒོམས་པ་ལ་བྱང་ཕྱོགས་སོ་བདུན་གྱི་དག་པ་ཞེས་བྱ་ལ། བསྡུ་ན་བདེ་ཆེན་གྱིས་ཟིན་པའི་ དྲན་པ་ཉེར་བཞག?་བཞི་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏེ་ལྔ་པོ་ལྷ་ལྔའི་རྣམ་པར་ཤར་བས་བྱས་ནས་མེ་ལོང་དུ་ཤར་བའི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །བཞི་པ་ལ་གཉིས། གོ་བགོ?་བ་དང༌། ཡེ་ཤེས་པ་ བཅུ་གནས་དབང་བསྐུར་ཞིང་རྒྱས་གདབ་པའི་ཚུལ་ལོ། །དང་པོ་བགོ་ཚུལ་ཡོད་དེ། ཡབ་ཀྱི་སྙིང་ག་སོགས་ཀྱི་གནས་རྣམས་སུ་ཨོཾ་ཧ་སོགས་ཡི་གེ་ཚན་པ་དྲུག་དང༌། ཡུམ་གྱི་སྙིང་ག་སོགས་ཀྱི་གནས་རྣམས་སུ་ཨོཾ་བཾ་སོགས་ཡི་གེ་ཚན་པ་དྲུག་འགོད་པ་ @013A ༄༅། །ཙམ་མམ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཡབ་ལ་རྡོ་རྗེ་སེམས་དཔའ་སོགས་ལྷ་དྲུག་དང༌། ཡུམ་ལ་རྡོ་རྗེ་ཕག་མོ་སོགས་ལྷ་དྲུག་བསྒོམ་པ་གང་རུང་བྱ་བ་ཡིན་པའི་ཕྱིར། གོ་ཆ་བསྒོམས་པ་ལ་དགོས་པ་ཡོད་དེ། སྒྲུབ་པ་པོ་རང་ཉིད་ལ་ བར་ཆད་ཀྱིས་མི་ཚུགས་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ཡེ་ཤེས་པ་འཇུག་པའི་ཚུལ་ཡོད་དེ། ངག་ཏུ་ཕེཾ་ཞེས་བརྗོད་པ་དང་མཉམ་དུ་རང་གི་ཐུགས་ཀའི་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་དཔའ་བོ་དཔའ་མོ་ཡེ་ཤེས་ཀྱི་འཁོར་ ལོར་གྱུར་པ་དང༌། དབང་གི་ལྷ་མཆོད་པའི་ལྷ་མོ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་འོད་ཟེར་རང་གི་སྙིང་གར་ཐིམ་པར་བསམ། ཧཱུཾ་གིས་ཕྱིར་འབྲང་གི་བགེགས་བསྐྲད་དེ། ཨརྒྷཾ་གྱིས་མཆོད་ཡོན་ཕུལ། བཛྲ་ཨཾ་ཀུ་ཤ་ཛས་ཡེ་ཤེས་པ་རྣམས་དམ། ཚིག་པ་སོ་སོའི་སྤྱི་བོར་དགུག །བཛྲ་པཱ་ཤ་ཧཱུཾ་གིས་སོ་སོ་ལ་བསྟིམ། བཛྲ་སྥོ་ཊ་བཾ་གྱིས་དབྱེར་མེད་དུ་བཅིངས། བཛྲ་གྷཎྜ་ཧོཿས་དབང་དུ་བྱ་བ་ཡིན་པའི་ཕྱིར། དེ་ལྟར་བྱས་པ་ལ་དགོས་པ་ཡོད་དེ། བྱིན་གྱིས་བརླབ་པ་དང༌། ནུས་ལྡན་དུ་འགྱུར་བ་དང༌། ཐ་མལ་གྱི་ཞེན་ པ་བཟློག་ནས་ལྷའི་ང་རྒྱལ་བརྟན་པ་དང༌། འབྲས་བུ་ལ་མེ་དུ་འཁྱེར་བས་འབྲས་སྐྱབས་ཀྱི་ཡེ་ཤེས་པའི་དཀྱིལ་འཁོར་མྱུར་དུ་འགྲུབ་པའི་ཆེད་ཡིན་པའི་ཕྱིར། དེ་ནས་ལྷ་རྣམས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་དགོད་ཅིང་ཨོཾ་ཡོ་ག་ཤུདྡྷ་ཞེས་སོགས་ཀྱིས་ང་རྒྱལ་འཛིན་ པ་ཡིན་ལ། སྔགས་དོན་ཡོད་དེ། ཡོ་ག་ནི་རྣལ་འབྱོར། ཤུདྡྷ་ནི་དག་པ། སརྦ་དྷརྨཱ་ནི་ཆོས་ཐམས་ཅད། ཡོ་ག་ཤུདྡྷ་ནི་རྣལ་འབྱོར་དག་པ། ཨ་ཧཾ་ནི་ངའོ་ཞེས་པའི་དོན་ཡིན་པའི་ཕྱིར། ལྷའི་དག་པ་དང་ང་རྒྱལ་འཛིན་ཚུལ་ཡོད་དེ། དམ་ཡེ་གཉིས་རོ་མཉམ་དུ་སྦྱོར་བ་ནི། @013B ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོ་གཉིས་དབྱེར་མེད་དུ་སྦྱོར་བ་དང༌། ཡེ་ཤེས་དེ་ཉིད་རྟེན་བརྟེན་པའི་དཀྱིལ་འཁོར་དུ་ཤར་བ་དང༌། དེ་རྣམས་ཀྱང་གཙོ་བོ་ཡབ་ཡུམ་དུ་ཤར་བའི་ཆ་ཤས་སུ་མོས་པར་བྱས་ནས་ཨོཾ་ཨཱཿཧཱུཾ། སརྦ་བཱི་ར་ཡོ་གི་སོགས་ཀྱི་སྔགས་བརྗོད་དེ་དཔའ་བོ་ དང་རྣལ་འབྱོར་མ་ཐམས་ཅད་འདུས་པའི་བདག་ཉིད་དུ་ང་རྒྱལ་བྱ་བ་ཡིན་པའི་ཕྱིར། དེ་ནས་དབང་བསྐུར་ཞིང་རྒྱས་གདབ་པའི་ཚུལ་ཡོད་དེ། ཡེ་ཤེས་པ་དང་མཉམ་དུ་སྤྱན་དྲངས་པའི་དབང་ལྷ་རྣམས་ལ་ཨོཾ་ཨརྒྷཾ་པྲ་ཧཱི་ཙྪ་སྭཱ་ཧཱ་ཞེས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ ཞེས་སོགས་ཀྱིས་གསོལ་བ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད་པ་སོགས་སྔོན་དུ་འགྲོ་བས་དབང་བསྐུར་བའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པས་གཙོ་བོ་ལ་རྡོར་སེམས་ཀྱིས་རྒྱས་གདབ་པ་ནི་འབྲས་བུས་རྒྱུ་ལ་རྒྱས་གདབ་ཚུལ། ཕག་མོ་ལ་མི་ བསྐྱོད་པས་རྒྱས་གདབ་པ་ནི་གཙོ་བོས་འཁོར་ལ་རྒྱས་གདབ་ཚུལ། གཞན་བཞི་རིགས་ཀྱིས་རིགས་ཅན་ལ་རྒྱས་འདེབས་པ་ཡིན་པའི་ཕྱིར་རོ། །ལྔ་པ་ལ་གཉིས། མཆོད་བསྟོད་བཟླས་པ་དང༌། ལྷའི་འཁོར་ལོ་སྒོམ་པའོ། །དང་པོ་ས་མཆོད་པ་ཇི་ལྟར་བྱ་བའི་ཚུལ་ ཡོད་དེ། ཨོཾ་ཨརྒྷཾ་སོགས་ཆུ་བཞི་གསུམ་གཉིས་གང་རུང་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ། །རིག་མ་དྲུག་གམ་བཅུ་དྲུག་གིས་ཀྱང་རུང་བས་མཆོད་ཅིང༌། བླ་བརྒྱུད་རྒྱས་བསྡུས་ཅི་རིགས་དང་བཅས་པའི་ནང་མཆོད་ཕུལ་ཏེ། སྔར་གནས་བཞི་དང་གསང་གནས་བྱིན་གྱིས་ བརླབས་པ་དྲན་པར་བྱས་ནས་ཡབ་ཡུམ་སྙོམས་པར་ཞུགས་པའི་གསང་མཆོད་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་སྔགས་ཀྱི་མཆོད་པ་རྣམས་རིམ་པར་བྱ་བ་ཡིན་པའི་ཕྱིར། བསྟོད་པ་བྱ་བའི་ཚུལ་ཡོད་དེ། ཨོཾ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཞེས་སོགས་ཡབ་ཀྱི་ @014A ༄༅། །རྐང་བརྒྱད་ཀྱིས་བསྟོད་པ་ཙམ་མམ། ཡུམ་གྱི་རྐང་བརྒྱད་ཀྱི་བསྟོད་པ་དང་བཅས་པ་དང༌། བསྡུ་ན་ཧེ་རུ་ཀ་དཔལ་དཔའ་བོ་ཆེ་ཞེས་སོགས་ཀྱིས་བསྟོད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལྷའི་འཁོར་ལོ་སྒོམ་ཚུལ་ཡོད་དེ། བསྐྱེད་རིམ་པའི་ སྤང་བྱའི་གཙོ་བོ་ཐ་མལ་གྱི་སྣང་ཞེན་གཉིས་ལས། སྣང་བའི་གཉེན་པོར་ལྷའི་རྣམ་པ་ལ་བསླབ་པ་དང༌། ཞེན་པའི་གཉེན་པོར་ལྷའི་ང་རྒྱལ་ལ་བསླབ་པ་ཡིན་པའི་ཕྱིར། ལྷའི་རྣམ་པ་ལ་བསླབ་ཚུལ་ཡོད་དེ། ཐོག་མར་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་ལ་གསལ་ སྣང་འདོན་ཅིང༌། དེ་ནས་ཞལ་ཕྱག་ཡོངས་རྫོགས་ཡུམ་དང་བཅས་པ་དང་འཁོར་རྣམས་བསྣན་ཏེ་གསལ་སྣང་འདོན་པའི་ཕྱིར། ང་རྒྱལ་ལ་བསླབ་ཚུལ་ཡོད་དེ། རང་ཉིད་ཧེ་རུ་ཀའོ་སྙམ་དུ་ལྷ་དངོས་ཀྱི་ང་རྒྱལ་བཅོས་མིན་དུ་འབྱུང་བ་དེ་སྲིད་དུ་བསླབ་པ་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པས་ཐ་མལ་གྱི་སྣང་ཞེན་གཉིས་ལྡོག་ཚུལ་ཡོད་དེ། ལྷའི་རྣམ་པ་གསལ་པོར་ཤར་བའི་བློའི་ངོར་རེ་ཞིག་ཐ་མལ་གྱི་སྣང་བ་བཟློག་པ་དང༌། ལྷའི་ང་རྒྱལ་བཅོན་མིན་དུ་བྱུང་བའི་བློ་ངོར་རེ་ཞིག་ཐ་མལ་གྱི་ཞེན་པ་བཟློག་པའི་ཚུལ་གྱིས་སྣང་ཞེན་གཉིས་ ལྡོག་པ་ཡིན་པའི་ཕྱིར། གསུམ་པ་ཐུན་མཇུག་ཏུ་ཇི་ལྟར་བྱ་བ་ལ་གཉིས། བཟླས་པ་དང༌། གཏོར་མའི་རིམ་པའོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཕྲེང་བ་པདྨ་གར་དབང་དུ་བསྐྱེད་པའི་སྒོ་ནས་བྱིན་གྱིས་བརླབས་ནས་བཟླས་པ་བྱ་ཞིང༌། དེ་ལ་བྱ་ཚུལ་མི་ འདྲ་བ་གཞན་ཡོད་ཀྱང༌། དམ་ཚིག་གི་བཟླས་པ་ནི་ལྷ་རང་རང་གི་ཐུགས་ཀའི་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པའི་སྣེ་ལས་ལྷའི་ཚོགས་སྤྲོས་འགྲོ་བའི་དོན་བྱས། སླར་འདུས་ནས་ཧཱུཾ་ @014B ཡིག་ལ་ཐིམ་པར་བསམས་ཤིང་བ་ཟླ་བ་ཡིན་པའི་ཕྱིར་རོ། །འདིར་ལྷ་དྲུག་གི་སྔགས་མ་གཏོགས་གོ་ཆའི་སྔགས་དང་རྩ་སྔགས་མ་བཟླས་ཀྱང་རུང་བས་སྒྲུབ་ཐབས་ཕལ་ཆེར་ལས་བཟླ་བར་མ་བཤད་ཀྱང༌། ཅི་འགྲུབ་བཟླས་ཀྱང་ཕུན་སུམ་ཚོགས་པར་སེམས་ཏེ། རྩ་རྒྱུད་ ལས། ས་སྟེང་འདི་ན་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །ཞེས་གསུངས་པའི་ཕྱིར། བཟླས་པའི་གྲངས་ཀྱི་ཁྱད་པར་ཡོད་དེ། བདག་འཇུག་ལེན་པ་དང་དབང་བསྐུར་སོགས་ཀྱི་ལས་རུང་དུ་བྱེད་པ་ལ་གཙོ་བོའི་སྙིང་པོ་སུམ་འབུམ་མམ་འབུམ་གང་རུང༌། ཡུམ་ དང་ལྷ་མོ་བཞི་ལ་ཁྲི་ཕྲག་རེ། ཡེ་ཤེས་འབེབས་སྔགས་ཁྲི། ཁ་སྐོང་གི་སྦྱིན་བསྲེག་ཅི་འགྲུབ་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། གཏོར་མའི་རིམ་པ་དང༌། ཉེར་བསྡུ་སོགས་བྱ་ཚུལ་ལོ། །དང་པོ་ལ་གཉིས་ལས་གཏོར་མ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། གཏོར་མ་ནང་ མཆོད་ལྟར་བསང་སྦྱང་བསྐྱེད་དེ་བྱིན་གྱིས་བརླབས་ནས། ཕེཾ་ཞེས་བརྗོད་དེ་ཕྱག་རྒྱ་དང་བཅས་པའི་འོད་ཟེར་གྱིས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་སོགས་དང་བཅས་པའི་དཀྱིལ་འཁོར་པ་སྤྱན་དྲངས་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བར་གཏོར་མ་བཞག་པར་མོས་ཏེ། མཆོད་པའི་འཁོར་གསུམ་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་བལྟས་ནས་ལྗགས་བྱིན་གྱིས་བརླབས་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་བཛྲ་ཨ་ར་ལི་ཧོཿ ལན་གསུམ་གྱིས་རིམ་པ་བཞིན་གཙོ་བོ་ཡབ་ཡུམ་ དང་རྣལ་འབྱོར་མ་བཞི་ལ་ཕུལ་ནས་རྐང་བརྒྱད་ཀྱིས་བསྟོད་པའི་རྗེས་སུ་སྲིད་པ་དང་མཉམ་ཞེས་སོགས་ཀྱིས་གསོལ་བ་གདབ། དེ་ནས་འཇིག་རྟེན་པ་རྣམས་ལྷར་བསྐྱེད་པའི་ལྗགས་བྱིན་གྱིས་བརླབས་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་སོགས་ཀྱིས་སྔོན་འགྲོའི་སྐབས་ @015A ༄༅། །ལྟར་ཕུལ་ནས་བསྟོད་ཅིང་འཕྲིན་ལས་བཅོལ་བའི་མཇུག་ཏུ་ཡིག་བརྒྱ་བརྗོད་དེ། ཨོཾ་ཡོ་ག་ཤུདྡྷ་སོགས་ཀྱིས་འཇིག་རྟེན་པ་རྣམས་གཤེགས་ཤིང༌། དཀྱིལ་འཁོར་གྱི་འཁོར་ལོ་རང་ཉིད་ལ་ཐིམ་པར་བསམ་པ་ཡིན་པའི་ཕྱིར། ཁ་ཟས་ཀྱི་རྣལ་འབྱོར་ཇི་ལྟར་བྱ་བའི་ ཚུལ་ཡོད་དེ། ཁ་ཟས་ཀྱི་སྒྱེད?་ཆོག་རྒྱས་པའམ། མ་གྲུབ་ན་ཨོཾ་ཨཱཿཧཱུཾ་དང༌། ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས་ལ་སྙིང་གའི་ཧཱུཾ་ཡིག་ལྷ་ཐམས་ཅད་འདུས་པའི་བདག་ཉིད་དུ་བསམས་ནས་འབུལ་བ་ཡིན་པའི་ཕྱིར། གཉིས་པ་ཉེར་བསྡུ་སོགས་ཇི་ལྟར་བྱ་བའི་ཚུལ་ ཡོད་དེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་གསལ་བར་བྱས་ཏེ་འོད་ཀྱི་རྣམ་པར་གྱུར་པའི་དུར་ཁྲོད་སྲུང་འཁོར་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། བུམ་པ་ཐོད་པ་དང་བཅས་པ་སྙིང་པོའི་རྣལ་འབྱོར་མ་བཞི་ལ་དང༌། ། དེ་ཡང་གཙོ་བོའི་ཞལ་བཞི་ལ་དང༌། གཞལ་ཡས་ཁང་གཙོ་བོ་ཡབ་ཡུམ་ལ་དང༌། གཙོ་བོ་ཡབ་ཡུམ་གཉིས་ཐུགས་ཀའི་ཧཱུཾ་ཡིག་ལ་ཐིམ། ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པའི་ ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ངོ་བོ་ཨོཾ་ཧ་དཀར་པོ་སོགས་སམ། གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པར་བསམས་ལ། ཨོཾ་སུམྦྷ་ནི་སོགས་ཞལ་བཞི་པའི་སྔགས་དང༌། སྲིད་པ་གསུམ་འབར་སྐུ་ནི་སོགས་དང༌། ལྷ་མོ་ཚད་མ་སོགས་བརྗོད་ཅིང་སྨོན་ལམ་གདབ་པ་ སོགས་བྱ་བ་ཡིན་པའི་ཕྱིར། ཚུལ་དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ཡོད་དེ། ལྷག་པའི་ལྷས་བྱིན་གྱིས་རློབ་ཅིང་རྗེས་སུ་འཛིན་པ་དང༌། རྫོགས་རིམ་རྫོགས་པར་སྐྱེ་བའི་དགེ་རྩ་སྨིན་ཏེ་ཚེ་འདིའམ་ཕྱི་མར་མྱུར་དུ་འཚང་རྒྱ་བ་དང༌། ཆོས་འདི་སྤྱོད་པའི་རྒྱལ་པོར་འགྱུར་བ་ @015B དང༌། ལས་ཀྱི་སྒྲིབ་པ་འདག་པ་དང༌། དེར་མ་ཟད་འདི་ལ་བསམ་གཏན་ཙམ་དང་རྒྱུད་ཀྱི་གླེགས་བམ་ཀློག་པ་དང༌། འབྲི་བ་སོགས་ཀྱིས་ཀྱང་འཁོར་ལོ་སྒྱུར་རྒྱལ་འཐོབ་པ་དང༌། འཆི་བའི་ཚེ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བསུས་ནས་མཁའ་སྤྱོད་དུ་འཁྲིད་པ་སོགས་ཀྱི་ ཕན་ཡོན་རྣམས་འབྱུང་བའི་ཕྱིར་ཏེ། འདིའི་རྩ་རྒྱུད་ལེའུ་ང་གཅིག་པ་ལས། དེ་བཞིན་ཤྲཱི་ཧེ་རུ་ཀ་ཡི། །མཚན་གྱིས་སྡིག་པ་འཇིག་པར་འགྱུར། །བསམ་གཏན་བསམས་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་ཏོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་བའམ། ། ཡང་ན་འཁོར་ལོས་སྒྱུར་རྒྱལ་འཐོབ། །རྣལ་འབྱོར་བ་རྣམས་འཕོ་ཚེ་དཔལ། །ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང༌། །རོལ་མོའི་སྒྲ་ནི་སྣ་ཚོགས་དང༌། །ཀླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །མཁའ་སྤྱོད་ གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ།། །།༄༅། །ན་མོ་ཤྲཱི་ཙཀྲ་སཾ་པ་ར་ཡ། གཉིས་པ་རྫོགས་རིམ་གྱི་རྣམ་གཞག་མདོར་བསྡུས་ཞིག་བརྗོད་པ་ལ་གཉིས། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ལ་རྩ་རླུང་ཐིག་ལེའི་རྣམ་གཞག་དང་ བླ་མའི་རྣལ་འབྱོར་སོགས་གཞན་དུ་ཤེས་པར་བྱའོ། །དངོས་གཞི་ལ་གཉིས། བསམ་གྱིས་མི་ཁྱབ་པའི་རིམ་པ་ཉིད་ཀྱི་སྔོན་དུ་འགྲོ་བ་དང༌། བསམ་གྱིས་མི་ཁྱབ་པའི་རིམ་པ་དངོས་བཤད་པའོ། །དང་པོ་ལ་གཉིས། བྱང་སེམས་དཀར་པོ་རྒྱས་པར་བྱེད་པ་དང༌། དམར་པོ་ རྒྱས་པར་བྱེད་པའི་ཚུལ་ལོ། །དང་པོ་ལ་གསུམ། སྙིང་གར་གནད་དུ་བསྣུན་པའི་བདག་བྱིན་བརླབས་ཀྱི་རིམ་པ། དྷཱུ་ཏཱིའི་ཡར་མར་གྱི་སྣེར་གནད་དུ་བསྣུན་པའི་སྣ་ཚོགས་རྡོ་རྗེའི་རིམ་པ། ཕྱག་རྒྱ་བཞི་ལ་བརྟེན་པའི་ནོར་བུ་འགེངས་པའི་རིམ་པའོ། །དང་པོ་ལ་གཉིས། ས་བོན་ @016A ༄༅། །དང་བཅས་པ་དང༌། དེ་མེད་པའོ། །དང་པོ་ནི། བསྐྱེད་རིམ་བརྟན་ནས་ཉེར་བསྡུ་བྱས་པའི་འོད་གསལ་ལས་ཧེ་རུ་ཀ་ཡབ་ཡུམ་དུ་བཞེངས་པའི་རྩ་གསུམ་འཁོར་ལོ་དྲུག་ལྡན་གསལ་བཏབ་པའི་སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏིའི་ནང་དུ་ཐིག ལེ་སྟེང་དཀར་ལ་འོག་དམར་བ་སྲན་མ་འབྲིང་པོའི་ཚད་ཙམ་པ་འོད་ཟེར་འཕྲོ་བ། དེའི་དབུས་སུ་ཧཱུཾ་ཡིག་དཀར་ལ་དམར་པའི་མདངས་ཅན་མུ་ཏིག་སིནྡྷུ་རས་བྱུགས་པ་ལྟ་བུའི་ནཱ་ད་སུམ་འཁྱོག་སྟོད་དམར་ཞིང་སྨད་ཅུང་ཟད་དཀར་བ་ཤིན་ཏུ་ཕྲ་བ་འོད་ཟེར་འཕྲོ་བ་བདེ་བ་ཆེན་པོའི་རང་ བཞིན་གྱི་བདུད་རྩི་འཛག་པའི་རྣམ་པ་ཅན་ལ་ཡིད་རྩེ་གཅིག་ཏུ་གཏད་ནས་བསྒོམ། དེ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དང༌། ཐིམ་པའི་རྟགས་སུ་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འཆར། དེའི་ཚེ་གཏུམ་མོ་སྦར་ནས་དགའ་བཞི་ལུགས་ འབྱུང་ལུགས་ལྡོག་ཏུ་དྲངས་ནས་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ནས་རྩེ་གཅིག་ཏུ་བསྒོམ། འདི་ནི་སད་དུས་ཀྱི་ཆོས་སྐུའི་བསྲེ་བར་ཡང་འགྱུར་རོ། །འོད་གསལ་དེ་ལས་ལྡང་བར་རྩོམ་པ་ན་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་ལྡང་སྙམ་པའི་འཕེན་པ་བཏང་སྟེ། འོད་གསལ་ལས་ལངས་ པ་དང་མཉམ་དུ་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་ཡིད་ངོར་ལྡང༌། འདི་ནི་སད་དུས་ཀྱི་ལོངས་སྐུའི་བསྲེ་བར་འགྱུར་རོ། །དེ་དང་དུས་མཉམ་དུ་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་འཆར་རོ། །མཉམ་གཞག་དེ་ལས་ལྡང་བར་ འདོད་པ་ན་ཕུང་པོ་རྙིང་པ་ལྷ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག །འདི་ནི་སད་དུས་ཀྱི་སྤྲུལ་སྐུའི་བསྲེ?་བར་འགྱུར་རོ། །རྗེས་ཐོབ་ཏུ་གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷ་སྐུར་འཆར་བ་ལ་བསླབ་པོ། །དེ་ལྟ་བུའི་རྣལ་འབྱོར་པ་ @016B དེ་གཉིད་ལ་འཇུག་པ་ན་གཉིད་ཀྱི་འོད་གསལ་ངོས་ཟིན་པར་བྱ། རྨི་ལམ་ལོངས་སྐུར་ལྡང༌། སད་པ་སྤྲུལ་སྐུར་བསྲེ་སྙམ་བའི་འཕེན་པ་བཏང་ནས། གཉིད་དུ་འགྲོ་བར?་སྔར་བཤད་པའི་སྙིང་གའི་དམིགས་རྟེན་དེ་ལ་རྩེ་གཅིག་ཏུ་དམིགས་ནས་བསྒོམ་པ་སོགས་བྱ་སྟེ། དེ་ཡང་གཉིད་ཀྱི་འོད་ གསལ་ལམ་གྱི་ཆོས་སྐུ་དང་བསྲེ་བ་དང༌། རྨི་ལམ་གྱི་ལུས་ཁྱད་པར་ཅན་ལྷར་ལྡང་བའི་ལོངས་སྐུ་དང་བསྲེ་བ། དེ་གཉིད་དུས་ཀྱི་ཕུང་པོ་ལ་ཞུགས་ནས་སད་པའི་སྤྲུལ་སྐུའི་བསྲེ་བ་རྣམས་བྱའོ། །དེ་ལྟ་བུའི་རྣལ་འབྱོར་པ་དེས་ལམ་གོང་མའི་རྟོགས་པ་མ་ཐོབ་པར་འཆི་དགོས་པ་བྱུང་ན། འཆི་བ་འོད་གསལ་ངོས་ཟིན་བྱ། བར་དོ་ལོངས་སྐུར་ལྡང༌། སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་དུ་སྐྱེ་བ་ལེན་སྙམ་པའི་འཕེན་པ་བཏང་ནས་འཆི་བ་ལ་མངོན་དུ་ཕྱོགས?་པ་ན་སྔར་བཞིན་དམིགས་རྟེན་ལ་རྩེ་གཅིག་ཏུ་དམིགས་ནས་བསྒོམ་པ་སོགས་བྱ་སྟེ། དེ་ཡང་འཆི་བའི་འོད་གསལ་ ཆོས་སྐུ་དང་བསྲེ་བ། བར་དོའི་ལུས་ལོངས་སྐུ་དང་བསྲེ་བ། སྐྱེ་བ་འཛིན་པ་སྤྲུལ་སྐུ་དང་བསྲེ་བའོ། །བསྲེས་འདི་རྣམས་སྐབས་འོག་མར་ཡང་སྦྱོར་རྒྱུ་ཡིན་ནོ། །གཉིས་པ་ས་བོན་མེད་པ་ནི། སྙིང་གའི་ཐིག་ལེའི་དབུས་སུ་ཧཱུཾ་ཡིག་མེད་པར་ནཱ་ད་འོད་ཟེར་ལྔ་འཕྲོ་བ་ལས་རླུང་ལྡང་འཇུག གནས་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའི་རླུང་སྔགས་དབྱེར་མེད་ཀྱི་རྡོར་བཟླས་བྱས་པ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་རྟགས་འབྱུང༌། དེའི་དུས་སུ་དགའ་བཞི་དྲངས་ནས་བདེ་སྟོང་སྦྱོར་བ་དང་བསྲེ་བ་དགུ་སྐོར་སྔར་བཞིན་བྱའོ།། གཉིས་པ་ལའང་ས་བོན་ཡོད་མེད་གཉིས་ལས་དང་པོ་ནི། ཡབ་ཀྱི་གསང་གནས་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པ་ཅན་ཕྱི་དབྱིབས་ཡོངས་གྲགས་ལྟ་བུ་ལ་དྷཱུ་ཏིའི་མར་སྣ་རྡོ་རྗེའི་དབུས་རྭའི་རྣམ་པར་ཡོད་པ་དང༌། ཡུམ་གྱི་གསང་གནས་ཕྱི་བྷ་ག་ལ། ནང་པདྨ་འདབ་མ་གསུམ་པ་སྦུག་གེབ?་ @017A ༄༅། །ཟེའུ་འབྲུ་དང་བཅས་པའི་དབུས་ནས་དྷཱུ་ཏིའི་མར་སྣ་གྲོ་སོག་ཕྲ་མོ་ཙམ་ཕྱིར་ལྷག་པའི་རྣམ་པ་ཅན་དུ་བསམ། རྡོ་རྗེ་དང་པདྨ་གཉིས་སྦྱར་བའི་དྷཱུ་ཏིའི་མར་སྣ་འཕྲད་མཚམས་སུ་རྡོ་རྗེ་དམར་སྐྱ་རྩེ་གཅིག་པ་གྱེན་དུ་ལངས་པའི་རྩེ་མོ་འམ་ལྟེ་བའི་ནང་ཧཱུཾ་ཡིག་དཀར་དམར་ ལ། སྙིང་གའི་མི་ཤིགས་པ་ཧྲིལ་ལི་ལི་འདྲིལ་ནས་ཐིམ་པའི་ཧཱུཾ་ཡིག་ལ་སེམས་ཞུགས་པ་བཞིན་བྱས་ནས་བསྒོམས་པས་རླུང་ཐིམ་པའི་འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱར་ནས་སད་དུས་ཀྱི་བསྲེ་བསྐོར་གསུམ་དང༌། གཉིད་དང་འཆི་དུས་དམིགས་རྟེན་དེ་གཉིས་སྙིང་གར་འདྲེན་པ་ འམ་གནས་དེར་འོད་དུ་ཞུ་ནས་ཐིག་ལེ་དཀར་དམར་དུ་གྱུར་པ་སྙིང་གར་དྲངས་ནས་བསྒོམས་པ་སོགས་བསྲེ་བ་དྲུག་སྐོར་བྱའོ། །དམིགས་རྟེན་གྱི་རྡོ་རྗེ་དེ་གཅིག་ཡིན་ཀྱང་སྣ་ཚོགས་རྡོ་རྗེའི་རིམ་པ་ཞེས་པ་ནི་དེ་ལ་བརྟེན་ནས་ཡོན་ཏན་སྣ་ཚོགས་སྒྲུབ་ནུས་པའི་དོན་ནོ། །གཉིས་པ་ནི། སྨིན་མཚམས་སུ་དྷཱུ་ཏིའི་ཡར་སྣ་འདམ་བུ་བཅད་པ་ལྟ་བུའི་ཟད་མཚམས་སུ། རྡོ་རྗེ་དམར་སྐྱ་རྩེ་གཅིག་བ་གྱེན་བསྒྲེང་ཕྱེད་རྩ་ནང་དང་བྱེད་ཕྱིར་འཐོན་པར་བསམས་པའི་རྩེ་མོར། སྙིང་གའི་མི་ཤིགས་པ་ཡར་འདྲི་ལ་ནས་ཐིག་ལེའི་དམར?་ཆ་ཉིད་ཀྱིལ?་དང༌། དཀར་ཆ་ཟླ་དཀྱིལ་དུ་གྱུར་ པའི་སྟེང་དུ་རིགས་ལྔའི་ཐིག་ལེ་ལྔ་ཚོམ་འོད་ཟེར་འཕྲོ་བ་ལ་རྩེ་གཅིག་ཏུ་དམིགས་པ་སོགས་སད་དུས་ཀྱི་བསྲེ་བ་སྐོར་གསུམ་དང༌། གཉིད་དང་འཆི་དུས་དམིགས་རྟེན་སྔར་ལྟར་གང་རུང་བྱས་པ་སྙིང་གར་དྲངས་ནས་བསྲེ་བའི་སྐོར་བྱའོ། །གསུམ་པ་ལ། ངམ?་རྒྱ། ལས་རྒྱ། ཆོས་རྒྱ། ཕྱག་རྒྱ་ཆེན་པོ་ལ་བརྟེན་པ་བཞི་ལས་དང་པོ་ནི། ཡབ་ཡུམ་གྱི་མཁའ་གསང་སྔར་ལྟར་གསལ་བའི་དྷཱུ་ཏིའི་མར་སྣ་གཅིག་ནང་དུ་གཅིག་བཅུག་པའི་ཡུམ་གྱི་དྷཱུ་ཏིའི་ནང་ནས་ཐུར་སེལ་གྱི་རླུང་སྤོས་རེངས་ཀྱི་དུ་བ་ཙམ་ཞིག །ཡབ་ཀྱི་རྡོ་རྗེའི་བུ་གར་ཞུགས་པ་དྷཱུ་ཏིའི་ @017B ལམ་བརྒྱུད་དེ་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་གཏུམ་མོ་ལ་ཕོག་པས་མགར་བའི་སོལ་མལ་གྱི་མེ་སྦར་བ་ལྟར། ཚ་ཞིང་སྲེག་པ། དམར་ཞིང་གསལ་བ། མ་ཉེན་ཞིང་འཁྱུགས་པའི་མེ་གྱེན་དུ་འབར་བས་རྩ་གནས་ཐམས་ཅད་དང་སྤྱི་བོ་ནས་བྱང་སེམས་ནོར་བུའི་རྩེའི་བར་དུ་བབ་ པས་དགའ་བཞི་རིམ་གྱིས་དྲངས། ཡང་ཡབ་ཀྱི་དྷཱུ་ཏིའི་ནང་ནས་ཐུར་སེལ་གྱི་རླུང་དེ་ལྟ་བུ་ཡུམ་གྱི་དྷཱུ་ཏིའི་ནང་བརྒྱུད་དེ་སོང་བས་ལྟེ་གསང་གི་གཏུམ་མོ་སྦར་བས་བྱར་སེམས་དམར་པོ་བཞུས་ནས་དྷཱུ་ཏིའི་མར་སྣར་བབས་པ་ལས་དགའ་བཞི་བསྐྱེད། ཡབ་ཡུམ་གཉིས་ ཀྱི་བྱང་སེམས་དྷཱུ་ཏིའི་མར་སྣར་གའུ་ཁ་སྦྱར་ཏུ་གྱུར་པ་ལ་སེམས་རྩེ་གཅིག་ཏུ་བྱས་ནས་འཇོག་པ་སོགས་བསྲེ་བསྐོར་གསུམ་དང༌། གཉིད་དང་འཆི་དུས་སུ་སྔར་ལྟར་བྱས་ཏེ་བསྲེ་བའི་སྐོར་བྱའོ། །གཉིས་པ་ལས་རྒྱལ་བརྟེན་པ་ནི། ལས་རྒྱ་དང་ཨེ་རྒྱའི་ཁྱད་པར་མ་ གཏོགས་སྔར་བཞིན་བྱའོ། །གསུམ་པ་ཆོས་རྒྱ་ལ་བརྟེན་པ་ནི། རང་གི་ནོར་བུའི་དབུས་སུ་ཐིག་ལེ་དཀར་དམར་ཁ་སྦྱར་དུ་བྱས་པ་དེ་ཡོངས་སུ་གྱུར་པ་ལས་ཧཱུཾ་ཡིག་གམ་རྡོ་རྗེ་དམར་སྐྱ་རྩེ་གཅིག་པ་དབུས་སྦོམ་ལ་རྩེ་ཕྲ་བའི་རྣམ་པར་གྱུར་པ་ལ་སེམས་བཟུང་སྟེ་བསྒོམ་པ་སོ(Gs) བསྲེ་བའི་སྐོར་དང༌། གཉིད་དང་འཆི་དུས་སུ་སྔར་ལྟར་བྱས་ཏེ་བསྲེ་བའི་སྐོར་རྣམས་བྱའོ། །བཞི་པ་ཕྱག་ཚན་ལ་བརྟེན་པ་ནི། ཐོག་མར་རང་གི་གསང་གནས་ནོར་བུའི་དབུས་ཀྱི་རྩ་འཁོར་གྱི་ནང་དུ་རྡོ་རྗེ་དམར་སྐྱ་རྩེ་གཅིག་པ་ལ་དམིགས་པ་རྩེ་གཅིག་ཏུ་བྱས་ནས་བསྒོམས་པ་ སོགས་སད་དུས་དང་གཉིད་དང་འཆི་དུས་ཀྱི་བསྲེ་བ་རྣམས་ཀྱང་སྔར་ལྟར་བྱའོ། །གཉིས་པ་བྱང་སེམས་དམར་པོ་རྒྱས་པའི་ཏིང་ངེ་འཛིན་ཛཱ་ལ་དྷ་རའི་རིམ་པ་ནི། སྤྱི་བོའི་རྩ་འཁོར་གྱི་དབུས་སུ་ཟླ་བ་ལ་གནས་པའི་བྱང་སེམས་ཧཾ་ཡིག་དཀར་པོ་མགོ་ཐུར་ལྟ། སྙིང་གར་ཟླ་བ་ལ་ @018A ༄༅། །ཧཱུཾ་ཡིག་དཀར་དམར་མགོ་ཐུར་ལྟ། ཕྱོགས་བཞིའི་རྩ་འདབ་ཀྱི་སྣེར་ཡུམ་བཞིའི་ངོ་བོ་ལཾ་མཾ་པཾ་ཏཾ་བཞི་སྔོ་སེར་དམར་ལྗང་བའམ། རིགས་བཞིའི་ངོ་བོ་བྷྲུཾ་ཨཾ་ཛྲིཾ་ཁཾ་བཞི་དཀར་སེར་དམར་ལྗང་བ་གང་རུང་མགོ་གྱེན་ལྟ་འོད་ཟེར་འཕྲོ་བ། གསང་ གནས་ཀྱི་འཁོར་ལོའི་དབུས་སུ་ཆོས་འབྱུང་ཕྱི་དཀར་ནང་དམར་བ་དབངས་ནས་འབྲུ་ཙམ་གྱེན་དུ་བསླང་བའི་ཚད་ཅན་གྱི་དབུས་སུ་ཉི་གདན་སྲན་མ་ཕྱེད་གཤགས་ཙམ་གྱི་དབུས་སུ་མི་བསྐྱོད་པའི་ངོ་བོ་ཐིག་ལེ་སྔོན་པོ། །ཕྱོགས་བཞིར་རིགས་བཞིའི་ངོ་བོ་མདུན་ནས་ གཡས་སྐོར་དུ་དཀར་སེར་དམར་ལྗང་བའི་ཐིག་ལེ་རྣམས་ཡུངས་ཀར་སྦོམ་པོའི་ཚད་ཙམ་གཏུམ་མོའི་མེ་འབར་ལ་ཁད་པར་བསམ། དེ་ནས་དྷཱུ་ཏིའི་ཡར་མར་གྱི་སྣ་ནས་སྟེང་འོག་གི་རླུང་དྲངས་ཏེ་དབུས་ཀྱི་ཐིག་ལེ་ལ་བསྟིམ་ནས་ཁ་སྦྱོར་བུམ་པ་ཅན་བྱས་ལ་རླུང་སེམས་ དབྱེར་མེད་དུ་བསྒོམ། དེ་སྟོབས་ཀྱིས་གསང་གནས་ཀྱི་ཐིག་ལེ་དེ་ལས་གཏུམ་མོའི་མེ་འབར་བ་གྱེན་དུ་སོང་སྟེ་སྙིང་གའི་ས་བོན་ལྔ་བསྲེགས་པས་བྱང་སེམས་བབ་པ་གཏུམ་མོ་ལ་ཕོག །སླར་གྱེན་དུ་སོང་པས་སྤྱི་བོའི་ཧཾ་ཡིག་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་བདུད་ རྩི་གཏུམ་མོའི་སྟེང་དུ་བབ། སླར་ཡང་ཆེར་འབར་བ་དྷཱུ་ཏིའི་ལམ་བརྒྱུད་དེ་རང་གི་སྣ་བུག་གཡས་ནས་ཐོན་པས། ཕྱོགས་བཅུར་བཞུགས་བཞིན་པ་འམ་མདུན་གྱི་ནམ་མཁར་གནས་པའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཤངས་བུག་གཡོན་ ནས་ཞུགས། ཐུགས་ཀའི་ས་བོན་ལྔ་བསྲེགས་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་པས་རྒྱུད་བདེ་བས་ཚིམ་པར་བྱས། ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟ་བུ་བླངས་ནས་ཤངས་བུག་གཡས་ནས་ཐོན་པ་རང་གི་སྣ་བུག་གཡོན་ནས་ཞུགས། དབུ་མའི་ @018B ལམ་བརྒྱུད་དེ་སྤྱི་བོའི་ཧཾ་ཡིག་དང་སྙིང་གའི་ས་བོན་ལྔ་བསྲེགས་པ་རྣམས་བསོས་ནས་ལྟེ་བར་ཐིག་ལེར་འདྲིལ་ཏེ་གནས་པར་བསམ། དེ་ལྟར་ཡང་ཡང་བྱས་པ་སངས་རྒྱས་བྱང་སེམས་སོགས་ཀྱིས་བྱིན་གྱིས་བརླབས་ནས་གཏུམ་མོ་འབར་འཛག་ལ་བརྟེན་ནས་དགའ་བཞི་ཕུལ་དུ་བྱུང་བའི་ རྟོགས་པ་མྱུར་དུ་སྐྱེ་བས་ཤིན་ཏུ་ཟབ་པའི་གཏུམ་མོའི་རྣལ་འབྱོར་ཡིན་ལ། དགའ་བཞིའི་དུས་སུ་བདེ་སྟོང་སྦྱོར་བ་དང་བསྲེ་བའི་སྐོར་རྣམས་ཀྱང་བྱའོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་རིམ་པ་བསྐྱེད་ཚུལ་དངོས་ལ་བཞི། སྤྲོས་པ་རྣམས་འོད་གསལ་དུ་སྡུད་ཚུལ། དེ་ལས་ སྣང་ཕྱོགས་བསམ་མི་ཁྱབ་པའི་རིམ་པར་ལྡང་ཚུལ། དེ་ཉིད་སྟོང་ཕྱོགས་བསམ་མི་ཁྱབ་པའི་རིམ་པར་འཇུག་ཚུལ། དེ་ལས་ཁྲུང?་འཇུག་བསམ་མི་ཁྱབ་པའི་རིམ་པར་ལྡང་ཚུལ་ལོ། །དང་པོ་ནི། རང་གི་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏིའི་ནང་གི་ཐིག་ལེ་དཀར་དམར་གྱི་དབུས་སུ་ཉི་གདན་ ལ་ཧཱུཾ་ཡིག་དཀར་དམར། དེ་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག །དེ་རྣམས་འོད་དུ་ཞུ་ནས་བཅུད་ལ་ཐིམ། དེ་ཡུམ་ལ། དེ་ཡབ་ལ། དེ་སྟོད་སྨད་ནས་སྙིང་གའི་ཐིག་ལེ་ལ། དེ་གདན་ལ། དེ་ཧཱུཾ་ལ། དེ་ཞབས་ཀྱུ་ནས་ཐིམ་སྟེ། ནཱ་ད་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ ཙམ་དང༌། དེ་ཡང་འོད་གསལ་དུ་ཞུགས་བའི་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་རྗེས་གཞིག་དང༌། ཕྱིའི་སྣོད་བཅུད་མི་སྡུད་པར་རང་གི་སྟོད་སྨད་ནས་སྔར་བཞིན་བསྡུས་ནས་སེམས་འཛིན་པ་ནི་རིལ་འཛིན་ཏེ་བསམ་གཏན་དེ་གཉིས་གང་རུང་ལ་བརྟེན་ནས་རླུང་ དབུ་མར་ཞུགས་གནས་ཐིམ་གསུམ་སོགས་དང་བསྲེ་བ་རྣམས་བྱ། དེ་ལྟར་བྱས་པས་སྒྱུ་ལུས་འགྲུབ་ཏུ་ཉེ་བ་ན་ཐོ་རངས་ཀྱི་དུས་སུ་ཕྱི་རྐྱེན་ཕྱག་རྒྱ་དང་ནང་རྐྱེན་བསམ་གཏན་གཉིས་ཅི་རིགས་ལ་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་པ་སོགས་དང་དཔེའི་འོད་གསལ་ @019A ༄༅། །མཐར་ཐུག་འཆར་བར་འགྱུར་རོ། །གཉིས་པ་ནི། འོད་གསལ་དེ་ལས་ལྡང་བར་རྩོམ་པ་ན་སྒྱུ་ལུས་སུ་ལྡང་སྙམ་པའི་འཕེན་པ་བཏང་སྟེ། དེ་ལས་ལངས་པ་དང་མ་དག་པའི་སྒྱུ་མའི་སྐུར་དངོས་གནས་ལ་བཞེངས་པ་དེ་འབྱུང་ངོ། །སྒྱུ་ལུས་དེ་བསམ་ གཏན་གཉིས་ཅི་རིགས་བསྒོམས་ནས་འོད་གསལ་དུ་འཇུག་པ་ཡང་ཡང་གོམས་པར་བྱེད་པ་དང༌། ཕུང་པོ་རྙིང་པ་ཧེ་རུ་ཀ་ཡུམ་བཅས་སུ་བལྟས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་ཞུགས་ནས་ཆོས་སྟོན་པ་སོགས་མཉམ་རྗེས་ཀྱི་ཉམས་ལེན་སྐྱོང༌། གསུམ་པ་ནི། སྒྱུ་ལུས་པ་དེས་དོན་གྱི་འོད་གསལ་འཇུག་ཏུ་ཉེ་བའི་མཚན་མ་མཐོང་བ་ན་ཐོ་རངས་ནམ་མཁའ་གཡའ་དག་གི་དུས་སུ། ཕྱི་རྐྱེན་ཕྱག་རྒྱ་དང་སྙོམས་པར་འཇུག་ཅིང་ནང་རྐྱེན་བསམ་གཏན་གཉིས་གང་རུང་བསྒོམས་པས་རླུང་དབུ་མར་ཞུགས་པ་སོགས་ཀྱི་ རྟགས་རྣམས་འཆར་ཞིང་དོན་གྱི་འོད་གསལ་གྱི་རྟོགས་པ་དང་པོར་སྐྱེའོ། །བཞི་པ་ནི། འོད་གསལ་དེ་ལས་ལྡངས་པ་དང་ལུགས་ལྡོག་གི་ཉེན་ཐོབ་གྲུབ་པའི་ཚེ་སློབ་པའི་ཟུང་འཇུག་ཐོབ་པར་འགྱུར་ཞིང༌། དེ་ནི་ཟུང་འཇུག་ཕོལ?་པ་སྤངས་པ་ཟུང་འཇུག་ཡིན་ནོ། །དེ་ ལ་དག་པའི་སྒྱུ་ལུས་ཞེས་ཀྱང་བྱ་ལ། དེའི་ཚེ་ཉོན་མོངས་སྤངས་ནས་དགྲ་བཅོམ་པར་འགྱུར་རོ། །ཟུང?་འཇུག་པ་དེ་སླར་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ན་དེ་དང་མཉམ་དུ་སློབ་པའི་ཟུང་འཇུག་གི་གཙོ་བོ་རྟོགས་པ?་ཟུང་འཇུག་དེ་ཐོབ་པ་ཡིན་ནོ། །ཟུང་ འཇུག་པ་དེས་དོན་གྱི་འོད་གསལ་ལ་ཡང་ཡང་འཇུག་ཅིང་དེ་ལས་མི་སློབ་པའི་ཟུང་འཇུག་གི་སྐུར་ལྡང་སྙམ་དུ་འཕེན་པ་སྔོན་དུ་བཏང་ནས་ལྡང་བས་དོན་ལ་རེ་ཞིག་སློབ་པའི་ཟུང་འཇུག་གི་སྐུར་གནས་ཀྱང་ཡིད་ངོར་མི་སློབ་པའི་ང་རྒྱལ་བཅོས་མིན་དུ་འབྱུང༌། དེས་ཕུང?་ @019B པོ་རྙིང་པ་སོགས་རགས་པའི་ལུས་རྟེན་གང་ཡང་རུང་བ་བཟུང་ནས་གདུལ་བྱ་ལ་ཆོས་སྟོན་པ་སོགས་མཉམ་རྗེས་ཀྱི་ཉམས་ལེན་རྣམས་བསྐྱངས་པས། མི་སློབ་པའི་ཟུང་འཇུག་འཕུབ?་ཏུ་ཉེ་བའི་མཚན་མ་མཐོང་བ་ན་ཕྱི་ནང་གི་རྐྱེན་གཉིས་ལ་བརྟེན་ནས་ དགའ་བཞི་དྲངས་ནས་ཐོ་རངས་ཀྱི་དུས་སུ་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །དེ་ལྟ་བུའི་ཟུང་འཇུག་གི་སྐུ་དེ་འགྲུབ་པ་ལ་ལམ་སྔ་མ་སྔ་མ་རྣམས་རྫོགས་པར་མངོན་དུ་འགྲོ་དགོས་ཀྱི། རྫོགས་རིམ་གྱི་རྟོགས་པ་ཕྱོགས་རེ་ ཙམ་ལས་དེ་བསྒྲུབ་མི་ནུས་སོ། །རྒྱས་པར་ནི་རྫོགས་རིམ་གཞན་དང༌། ཁྱད་པར་དུ་རྗེའི་ལཱུ་དྲིལ་གྱི་རྫོགས་རིམ་ལས་ཤེས་པར་བྱའོ། །སྨྲས་པ། ཁྱབ་བདག་རྡོ་རྗེ་འཆང་ཞབས་ཀྱི། །ཐུགས་བཅུད་གསང་ཆེན་མཐར་ཐུག་པ། །རྣལ་འབྱོར་མ་རྒྱུད་ཀུན་གྱི་ གཙོ། །འཁོར་ལོ་སྡོམ་པའི་རྒྱུད་དུ་གྲགས། །དེ་ཡི་བརྗོད་བྱའི་སྙིང་པོའི་དོན། །རྣལ་འབྱོར་དབང་ཕྱུག་དྲིལ་བུ་བས། །གཅིག་བསྡུས་བདེ་མཆོག་ལྷ་ལྔ་ཡི། །རིམ་གཉིས་སྙིང་པོ་འདི་ན་མཆིས། །འདིར་འབད་དགེ་དེས་ཚེ་རབས་ཀུན། །འཁོར་ལོའི་སྡོམ་པའི་རིམ་གཉིས་ དོན། །ཉམས་སུ་ལེན་དང་མི་འབྲལ་ཞིང༌། །མྱུར་དུ་སངས་རྒྱས་ཉིད་ཐོབ་ཤོག །ཅེས་པ་འདི་དག་ཀྱང་དད་དང་རྣམ་དཔྱོད་ལྡན་པའི་ཁྲུ་ཤའི་དགེ་སློང་ཀུན་དགའ་ནོར་བུས་འདི་ལྟར་གྱིས་ཤིག་དང་ཁོ་བོ་ཉིད་ཀྱིས་བྲིས་ནས་བར་དུ་བསྒྲུབ་པར་བྱའོ་ཞེས་ཡང་ཡང་ནན་ཆེར་བསྐུལ་བ་ལ་བརྟེན་ནས། འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་ཕྱོགས་ཙམ་སློབ་པའི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། རྗེའི་གསུང་དང་དེ་ནས་བརྒྱུད་པའི་འདིའི་བསྐྱེད་རྫོགས་ཀྱི་འཁྲིད་ཡིག་ལ་བརྟེན་ནས་མདོར་བསྡུས་ཏེ་བྲིས་པའོ།། །།དགེ་ལེགས་འཕེལ། མངྒ་ལཾ།