[སྔོན་འགྲོའི་དཔར་གཞི།]་ @001A ༄༅། །འདུས་པའི་རྩ་རྒྱུད་དང་བདེ་མཆོག་གི་སྐོར་ནས་སྟོང་ཉིད་བསྟེན་ཚུལ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། @001B ༄༅༅། ༈ །ན་མོ་མཉྫུ་ཤྲཱི་གྷོ་ཥཱ་ཡ། གདོད་ནས་རང་བཞིན་རྣམ་དག་ཆོས་དབྱིངས་དང༌། དབྱེར་མེད་དཔེ་དོན་འོད་གསལ་ལས་འཁྲུངས་པའི། འབྲས་བུ་ཟུང་འཇུག་མི་ཕྱེད་རྡོ་རྗེའི་སྐུ།། བླ་མ་ཁྱབ་བདག་དང་པོའི་མགོན་ལ་འདུད། །ཐར་པར་བགྲོད་པའི་ཞི་སྒོ་གཉིས་མེད་ལམ། །ཟབ་དོན་རྟོགས་པའི་བློ་ལས་གཞན་མེད་པས། །དེ་ཉིད་བདེ་གསང་རྒྱུད་ལས་གསུངས་པའི་ཚུལ། ། དད་དང་རྣམ་དཔྱོད་ཉིད་ཀྱིས་བཤད་པར་བྱ། 7 །དེ་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོག །སོ་སོར་དེར་བརྟགས་གང་ཞིག་སྒོམ་བྱེད་པ། །དེ་ནི་མྱ་ངན་འདས་ཐོབ་ འབྲས་བུའི་རྒྱུ། །རྒྱུ་གང་གིས་ནི་དེ་ནི་ཞིར་མི་འགྱུར། །ཞེས་སོགས་ཀྱིས་མཚོན་ཏེ་མདོ་སྔགས་ཀྱི་གཞུང་དུ་མ་ལས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་ཟབ་དོན་ངེས་པར་རྟོགས་དགོས་ཤིང༌། མ་རྟོགས་ན་ལམ་གཞན་གང་གིས་ཀྱང་དེ་ཐོབ་མི་ནུས་སོ་ཞེས་བཤད་དེ་གལ་ཆེའོ། །ཟབ་དོན་འགྲེལ་པའི་རྒྱ་བོད་ཀྱི་གཞུང་མང་ཡང༌། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་རྗེ་ཉིད་ཀྱིས་བཀྲལ་བའི་རྗེས་སུ་ འབྲང་ནས་འཆད་ཅིང༌། དེ་ལ་མདོ་ཕྱོགས་དང་བསྟུན་ནས་ཟབ་དོན་འཆད་པའི་སྐོར་དུ་མ་ཞིག་བདག་གིས་གཞན་དུ་བཤད་ཟིན་པས། སྐབས་འདིར་འདུས་པའི་རྩ་རྒྱུད་དང་བདེ་མཆོག་གི་སྐོར་ནས་ཟབ་དོན་ @002A ༄༅། །འཆད་པའི་གཞུང་འགའ་ཞིག་ལོགས་སུ་བཀོད་དེ་དོན་མཆན་འགྲེལ་སོགས་དང་མཐུན་པར་ཅུང་ཟད་བརྗོད་པར་བྱའོ། །སྤྱིར་སྔགས་ཀྱི་གཞུང་མང་པོར་ཆོས་ཀུན་ཤཱུ་ནྱ་ཏ་དང་སྭ་བྷཱ་ཝས་སྟོང་པར་སྦྱངས་ཏེ་སྟོང་ཉིད་ཀྱི་དོན་ དྲན་པའི་སྒོ་ནས། སྟོང་པའི་ངང་ལས་རྟེན་བརྟེན་པ་བསྐྱེད་པའི་ཚུལ་མང་བས་ན། སྔགས་ཕྱོགས་ལ་སྟོང་ཉིད་ཀྱི་དོན་ཤེས་པ་གནད་དུ་ཆེ་མོད། ད་ལྟ་ཕལ་ཆེར་ནི་དོན་མི་སེམས་པར་ཚིག་ཙམ་ཞིག་བརྗོད་པར་བྱེད་དོ། །དེས་ན་འདིར་ འདུས་པ་དང་བདེ་མཆོག་གི་རྒྱུད་གཉིས་ཀྱི་དང་པོ་འདུས་པའི་རྩ་རྒྱུད་ཀྱི་ལེའུ་གཞན་ལས་སྟོང་ཉིད་བསྟན་པ་ཡོད་ཀྱང༌། གཙོ་བོའི་དབང་དུ་བྱས་ན་ལེའུ་གཉིས་པ། དགུ་པ། བཅྭོ་ལྔ་པ། བཅུ་བདུན་པའོ། །འདི་དག་འཆད་པ་ལ་ གཉིས། སྤྱིར་བསྟན་པ་དང༌། རྒྱུད་ཀྱི་ཚིག་དོན་ལྟར་བཤད་པའོ། །དང་པོ་ནི། སྟོང་ཉིད་ཀྱི་དོན་རྟོགས་པ་ལ་ཐོག་མར་དགག་བྱ་ངོས་ཟིན་དགོས་པ་ཡིན་ཏེ༌། དགག་བྱ་ཕུང་པོ་བདེན་གྲུབ་ངོས་མ་ཟིན་ན། དེ་བཀག་པའི་ཕུང་པོ་ བདེན་སྟོང་ངེས་མི་ནུས་པའི་ཕྱིར་ཏེ། དཔེར་ན། དགག་བྱ་བུམ་པའི་དོན་སྤྱི་བློ་ཡུལ་དུ་མ་ཤར་བར་དེ་བཀག་པའི་བུམ་མེད་ངེས་མི་ནུས་པ་བཞིན་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་ དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར། དེའི་དོན་ནི་ས་ཕྱོགས་དེར་བུམ་པ་མི་འདུག་ཅེས་ཐག་ཆོད་པ་ལ་སྔོན་དུ་བུམ་པ་ངོ་ཤེས་པ་ཞིག་དགོས་ཀྱི། བུམ་པ་མ་ཤེས་པར་དེར་བུམ་པ་མི་འདུག་ཅེས་ཐག་གཅོད་མི་ནུས་པ་ལྟར། @002B བདེན་གྲུབ་དེ་ཅི་འདྲ་ཞིག་ལ་བྱེད་པ་མ་ངེས་པར་བདེན་མེད་ལེགས་པར་ངེས་མི་ནུས་སོ་ཞེས་པའོ། །དེས་ན་དགག་བྱ་བདེན་གྲུབ་ངོས་ཟིན་པ་གལ་ཆེ་ཞིང༌། ངོས་འཛིན་ཚུལ་ལ་རང་རྒྱུད་པ་མན་ཆད་ཀྱི་གྲུབ་མཐའ་སོ་སོའི་ངོས་འཛིན་ཚུལ་མི་འདྲ་བ་འགའ་ རེ་ཡོད་ཀྱང༌། འདིར་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་བཞིན་རྒྱས་པར་བརྗོད་ན་མང་དུ་འགྱུར་དོགས་ནས་སྙིང་པོ་བསྡུས་ཏེ་བཤད་ན། ཆོས་ཐམས་ཅད་ཀྱི་སྟེང་དུ་དགག་བྱའི་རྩ་བ་འགོག་པའི་དབང་དུ་མཛད་དེ། དབུ་མ་རྩ་བ་ཤེས་རབ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང༌། བརྟེན་ནས་འབྱུང་བ་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །ཞེས་དང༌། འཕགས་པ་ལྷས། བརྟེན་ནས་འབྱུང་བ་གང་ཡིན་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་དང༌། དེའི་འགྲེལ་བར་དཔལ་ལྡན་ཟླ་བས། བདག་ཅེས་བྱ་བ་ནི་གང་ཞིག དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོའི་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ།། དེ་ཡང་ཆོས་དང་གང་ཟ་གི་དབྱེ་བས་རྣམ་པ་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱའོ། །ཞེས་གསུངས་ བ་ལྟར་མཚོན་ཙམ་བརྗོད་ན་རྗེ་ཞལ་སྔ་ནས་ཀྱི་རྟེན་འབྲེལ་བསྟོད་པར། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུངས་པ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །ཅེས་གསུངས་པ་ @003A ༄༅། །ལྟ་བུ་སྟེ། སྤྱིར་ཆོས་ཐམས་ཅད་ནི་རང་རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པར་འཇོག་ཅིང་ཁྱད་པར་དུ་འདུས་བྱས་ཀྱི་ཆོས་རྣམས་ནི་རང་གི་ཆ་ཤས་དང་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་གྲུབ་པའི་རག་ལས་པ་ཡིན་ལ། དེ་དག་ལམ་ལྟོས་ཤིང་རག་མ་ལས་པའི་ཚུལ་གྱིས་མ་གྲུབ་བའི་ཕྱིར་རང་དབང་གིས་མ་གྲུབ་ཅིང༌། རང་གིས་ངོ་བོ་ཉིད་ཀྱིས་མ་གྲུབ་པས་རང་བཞིན་གྱིས་གྲུབ་པའང་མ་ཡིན་ནོ། །དེས་ན་ཕུང་སོགས་ཀྱི་ཆོས་ཐམས་ཅད་ཀྱང་བརྟེན་ནས་ གྲུབ་པ་དང༌། བརྟེན་ནས་བཏགས་པ་ཉིད་ཀྱིས་གྲུབ་པར་འཇོག་གི །རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པས་གཞན་ལ་རག་མ་ལས་པ་དང་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་དགག་བྱའི་ཚེས་སོ། །དེ་ལྟ་ནའང་བརྟེན་ནས་འབྱུང་བའི་ཆོས་ཙམ་ ལ་སྒྲ་དང་རྟོག་པས་དེ་དང་དེའོ་ཞེས་འདོགས་སོ། །དེ་ལྟར་བཏགས་པ་ཙམ་གྱི་རྗེས་སུ་འཇུག་པའི་རྟེན་འབྲེལ་གྱི་བྱ་བྱེད་ཐམས་ཅད་འཐད་ཚུལ་ཤེས་པ་གནད་དུ་ཆེ་ཡང་འདིར་མི་བརྗོད་དེ་གཞན་དུ་ཤེས་པར་བྱའོ། །གཉིས་པ་ལ་ བཞི་ལས་དང་པོ་འདུས་པའི་རྒྱུད་ཀྱི་ལེའུ་གཉིས་པ་ལས་གསུངས་པའི་ཚུལ་ལ་གཉིས། དངོས་དང༌། དེའི་ཆེད་བརྗོད་དོ། །དང་པོ་ལ་དྲུག་ལས་ཐོག་མ་རྡོ་རྗེ་འཆང་གིས་གསུངས་བ་ནི། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་ བར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །འདིའི་དོན་ཚུལ་བཞིའི་སྒོ་ནས་བཤད་དེ། ཡིག་དོན། སྤྱི་དོན། སྦས་དོན། མཐར་ཐུག་ཏུ་བཤད་པ་དང་བཞི༌། @003B དང་པོ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་དཔྱོད་པའི་རིགས་པས་སྣོད་བཅུད་ཀྱི་ཆོས་ལ་དཔྱད་པའི་ཚེ། སྣོད་བཅུད་ཀྱི་དངོས་པོ་མ་རྙེད་པ་དེ་སྣོད་བཅུད་མེད་པའི་དོན་དུ་བཟུང་ནས་སྒོམ་པ་སྣོད་བཅུད་ཀྱི་དེ་ཁོ་ན་ཉིད་སྒོམ་པར་འདོད་ན། དེ་ནི་མི་འཐད་དེ། རིག་ངོ?་དེར་སྣོད་བཅུད་ཀྱི་དངོས་པོ་མེད་ཀྱང་སྣོད་བཅུད་མེད་པ་མ་ཡིན་པའི་ཕྱིར་ཏེ། སྣོད་བཅུད་ཀྱི་དངོས་པོ་གཏན་མེད་ན་ནི་གང་སྒོམ་པར་བྱ་བའི་དེ་ཁོ་ན་ཉི་དང་ཇི་ལྟར་སྒོམ་པའི་ཏིང་ངེ་འཛིན་དང༌། གང་གིས་སྒོམ་པར་བྱེད་པའི་སྒོམ་པ་པོ་ གསུམ་ཡང་མེད་པར་ཐལ་བའི་ཕྱིར། གལ་ཏེ་དེ་ལྟ་བུ་མིན་ཡང་སྣོད་བཅུད་ཀྱི་ཆོས་རང་བཞིན་གྱིས་གྲུབ་པར་སྒོམ་པ་དེ། དེའི་དེ་ཁོ་ན་ཉིད་སྒོམ་པར་འཇོག་གོ་ཞེ་ན། དེ་ཡང་མི་འཐད་དེ། སྣོད་བཅུད་རང་བཞིན་གྱིས་གྲུབ་ན་གང་བསྒོམ་ པ་དང༌། ཇི་ལྟར་སྒོམ་པ་དང༌། གང་གིས་སྒོམ་པར་བྱེད་པ་པོ་གསུམ་ཡང་མེད་པར་འགྱུར་བའི་ཕྱིར་ཏེ། རང་བཞིན་གྱིས་ཡོད་ན་བསྒྱུར་མི་ནུས་ཤིང་བཅོས་སུ་མི་རུང་བས་བྱ་བྱེད་འཐད་པར་མི་འགྱུར་བའི་ཕྱིར་ཏེ། དབུ་མ་རྩ་བ་ཤེས་རབ་ ལས། ལམ་ལ་རང་བཞིན་ཡོད་ན་ནི། །བསྒོམ་པ་འཐད་པར་མི་འགྱུར་རོ། །ཞེས་དང༌། རྗེས་ཀྱང༌། རང་བཞིན་ལྡོག་པ་མེད་པའི་ཕྱིར། །ཆོས་རྣམས་རང་བཞིན་འགའ་ཡོད་ན། །མྱ་ངན་འདས་པར་མི་རུང་ཞིང༌། །སྤྲོས་ཀུན་ ལྡོག་པ་མེད་པར་གསུངས། །ཞེས་དང༌། རང་བཞིན་བཅོས་མིན་བལྟོས་མེད་དང༌། །རྟེན་འབྲེལ་བལྟོས་དང་བཅོས་མ་གཉིས། །ཇི་ལྟ་བུར་ན་གཞི་གཅིག་ལ། །མི་འགལ་འདུ་བ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །སྣོད་ @004A ༄༅། །བཅུད་རང་བཞིན་གྱིས་ཡོད་པ་དང༌། དེ་གཏན་ནས་མེད་པའི་གཞི་འཐུན་དུ་སྒོམ་པ་ཡང་དེ་ཁོ་ན་ཉིད་སྒོམ་པ་མིན་ཏེ། དེ་འདྲ་བའི་གཞི་འཐུན་ཚད་མས་མ་གྲུབ་པའི་ཕྱིར། དེས་ན་དེ་འདྲ་བའི་གཞི་འཐུན་རང་བཞིན་གྱིས་ གྲུབ་པར་སྒོམ་པ་ཡང་མི་འཐད་དེ། ཁྱད་གཞི་མེད་པའི་ཁྱད་ཆོས་མི་འཐད་པའི་ཕྱིར། གཞུང་འདིས་སྣོད་བཅུད་ཀྱི་ཆོས་རྣམས་མཐའ་བཞི་དང་བྲལ་བར་བསྟན་ཏེ། རྐང་པ་དང་པོས་སྣོད་བཅུད་ལ་མེད་མཐའ་བཀག་ནས་ཐ་སྙད་དུ་ ཡོད་བར་བསྟན། རྐང་པ་གཉིས་པས་སྣོད་བཅུད་ལ་རང་བཞིན་གྱིས་གྲུབ་པའི་ཡོད་མཐའ་བཀག །རྐང་པ་ཕྱི་མ་གཉིས་ཀྱིས་ཡོད་མེད་གཉིས་ཀའི་མཐའ་དང་བྲལ་བ་དངོས་སུ་བསྟན་ནས་ཤུགས་ལ་ཡོད་མེད་གཉིས་ཀ་མ་ཡིན་པའི་ མཐའ་དང་བྲལ་བར་བསྟན་པའི་ཕྱིར་རོ། །བློ་ལ་ལྟོས་ཏེ་མཐའ་བཞིར་བཤད་ཀྱང་ཡོད་མེད་ཀྱི་མཐའ་གཉིས་སུ་འདུ་བ་ཡིན་ཏེ། རང་བཞིན་གྱིས་ཡོད་པ་དང་ཐ་སྙད་དུ་མེད་པ་གཉིས་སུ་ངེས་པའི་ཕྱིར་རོ། །གཉིས་པ་སྤྱིའི་དོན་ལ༌། ཕུང་པོ་འདི་ཆོས་ཅན། རང་བཞིན་གྱིས་མེད་དེ། རང་བཞིན་གྱིས་གཅིག་ཏུ་མེད་ཅིང༌། རང་བཞིན་གྱིས་དུ་མ་ཡང་མེད་པའི་ཕྱིར། དཔེར་ན། མེ་ལོང་ནང་གི་གཟུགས་བརྙན་བཞིན་རྟེན་འབྲེལ་དང་ཆ་བཅས་གནད་གཅིག་པས་རྟེན་ འབྲེལ་རྟགས་སུ་བཀོད་ནས་བསྒྲུབས་ཀྱང་ལེགས་མོད། གོ་བདེ་བའི་ཆེད་དུ་ཆ་བཅས་ཀྱི་རྟགས་ཀྱིས་བསྒྲུབས་ན། དེ་ཆོས་ཅན། རང་བཞིན་གྱིས་གཅིག་ཏུ་མ་གྲུབ་སྟེ། ཆ་བཅས་ཡིན་པའི་ཕྱིར། ཆ་བཅས་ཡིན་ན། རང་ @004B བཞིན་གྱིས་གཅིག་ཏུ་མ་གྲུབ་དགོས་ཏེ། དེ་ཡིན་ན་སྣང་ཚུལ་ངོ་བོ་ཐ་དད་དུ་སྣང་ཡང༌། གནས་ཚུལ་ངོ་བོ་གཅིག་ཏུ་ཡོད་དགོས་པས་སྣང་ཚུལ་དང་གནས་ཚུལ་མི་མཐུན་དགོས། རང་བཞིན་གྱི་ས་གཅིག་ཏུ་གྲུབ་ན་སྣང་ཚུལ་དང་གནས་ཚུལ་ མཐུན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། བུམ་པ་ལྟ་བུ་རྟོག་པ་ལ་སྣང་པའི་ཚེ་རང་གི་མཆུ་ཞབས་སོགས་ཆ་ཤེས?་དང་ངོ་བོ་ཐ་དད་དུ་སྣང་ལང༌། གནས་ཚོད་ལ་བུམ་པ་རང་གི་ཆ་ཤས་རྣམས་དང་ངོ་བོ་གཅིག་ཡིན་པའི་ཕྱིར། དེར་ཐལ༌། རྟོག་པ་ལ་ཆ་ཅན་བུམ་པ་དང་ཆ་ཤས་བུམ་པའི་མཆུ་ཞབས་སོགས་ངོ་བོ་ཐ་དད་ལྟར་སྣང་བའི་ཕྱིར། དེར་ཐལ། བུམ་པའི་མཆུ་ཞབས་སོགས་བུམ་པར་མི་སྣང་ཞིང༌། དེ་དག་བུམ་པར་མི་འཛིན་པའི་ཕྱིར། དང་པོ་དེར་ཐལ་བུམ་ པའི་ཆ་ཤས་ཐམས་ཅད་བུམ་པར་སྣང་ན་བུམ་པ་གཅིག་གི་སྟེང་དུ་བུམ་པའི་ཆ་ཤས་ཀྱི་གྲངས་དང་མཉམ་པའི་བུམ་པ་རེ་རེ་སྣང་དགོས་པར་འགྱུར་བའི་ཕྱིར་རོ། །སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་དེ་བརྫུན་པའི་སྟོད་ལུགས་ལ་འཐད་ཅིང་ མི་འགལ་ཡང༌། བདེན་པར་གྲུབ་པའི་སྟོད་ལུགས་ལ་འགལ་བ་ཡིན་ཏེ། བདེན་པར་གྲུབ་ན། སྣང་ཚུལ་དང་གནས་ཚུལ་མཐུན་དགོས་ཤིང༌། མི་མཐུན་ན་བདེན་པར་གྲུབ་པའི་དོན་མཚང?་བའི་ཕྱིར། གཞན་ཡང༌། ཆ་བཅས་ ཡིན་ན་རང་བཞིན་གྱིས་གྲུབ་པའི་གཅིག་མིན་དགོས་ཏེ། ཆ་བཅས་ཡིན་ན་ཆ་ཤས་རྣམས་དང་ལྷན་ཅིག་ཚོགས་དགོས་པས་དུ་མའི་བདག་ཉིད་ཅན་ཡིན་དགོས་ལ། རང་བཞིན་གྱིས་གཅིག་ཏུ་གྲུབ་ན་ཆ་ཤས་ལ་ལྟོས་མེད་ཀྱི་སྒོ་ནས་གཅིག་ཏུ་ @005A ༄༅། །ཡོད་དགོས་པའི་ཕྱིར། མེད་ན་བདེན་པའི་གཅིག་ཡིན་པར་འགལ་ལོ། །རྩ་བའི་རྟགས་སྒྲུབ་པ་ནི། ཕུང་པོ་ཆོས་ཅན། ཆ་བཅས་ཡིན་ཏེ། གཞི་གྲུབ། ཆ་མེད་ཤེས་བྱ་པ?་མི་སྲིད་པའི་ཕྱིར། མི་སྲིད་དེ༌། འདུས་བྱས་ལ་མི་སྲིད། འདུས་མ་བྱས་ལའང་མི་སྲིད་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་ཅན་ལ་མི་སྲིད་ཅིང༌། ཤེས་པ་ལའང་མི་སྲིད་པའི་ཕྱིར། དང་པོ་གྲུབ་སྟེ། ཆ་མེད་དུ་ཁྱོད་འདོད་པའི་དབུས་རྡུལ་གཅིག་ཕྱོགས་རྡུལ་དྲུག གིས་བསྐོར་བའི་ཚེ། དབུས་རྡུལ་གྱི་ཤར་གྱི་ཆ་དེ་ནུབ་རྡུལ་ལ་བརྟེན་ནམ་མ་བརྟེན། བརྟེན་ན་མི་འཐད་དེ། ཤར་ནུབ་ཀྱི་རྡུལ་གཉིས་གོ་ས་འདྲེས་ནས་གཅིག་ཏུ་འགྱུར་བའི་ཕྱིར། འདོད་ན། རྡུལ་ཕྲན་ཅི་ཙམ་བསགས་ཀྱང་བོད་ ཚོད་ཆེན་པོ་འགྱུར་མི་སྲིད་པར་ཐལ་ལོ། །མ་བརྟེན་ན་ཆ་མེད་དུ་འདོད་པའི་དབུས་རྡུལ་དེ་ཆོས་ཅན། ཆ་བཅས་སུ་ཐལ། ཁྱོད་ཀྱི་ཤར་རྡུལ་ལ་བརྟེན་པའི་ཆ་དེ་ནུབ་རྡུལ་ལ་མ་བརྟེན་པས། དེ་ལ་བརྟེན་མ་བརྟེན་པའི་ཆ་གཉིས་?་ འདུག་པ་ལྟར། ཕྱོགས་དྲུག་གི་ཆ་ཡང་ཁས་ལེན་དགོས་པའི་ཕྱིར་རོ། །དེ་སྐད་དུ་སློབ་དཔོན་དབྱིག་གཉེན་གྱིས། དྲུག་གིས་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་ རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དངོས་རྒྱུ་དངོས་འབྲས་སུ་འདོད་པའི་ཤེས་པ་སྐད་ཅིག་སྔ་ཕྱི་གཉིས་ཀྱི་བར་དུ་ཆོས་གཞན་གྱིས་ཆོད་དམ་མཆོད། ཆོད་ན་མི་འཐད་དེ། དངོས་རྒྱུ་དངོས་འབྲས་མ་ @005B ཡིན་པར་འགྱུར་བའི་ཕྱིར། མཆོད་ན། བདག་ཉིད་ཐམས་ཅད་ཀྱི་ཐམས་ཅད་དུ་མཆོད་དམ། ཆ་འགའ་ཞིག་གིས་ཆོད་ཅིང་ཆ་འགའ་ཞིག་གིས་མཆོད་པ་གང་ཡིན། དང་པོ་ལྟར་ན་མི་འཐད་དེ། ཤེས་པ་སྐད་ཅིག་སྔ་ཕྱི་ཐམས་ཅད་ དུས་འདྲེས་ནས་དུས་?་གཅིག་ཏུ་འགྱུར་བའི་ཕྱིར། ཕྱི་མ་ལྟར་ན་ཆ་བཅས་སུ་ཐལ། དེའི་བར་དུ་ཆོད་མཆོད་མའི་ཆ་དུ་མ་ཡོད་འདུག་པའི་ཕྱིར། དོན་འདི་ལ་དེ་གཉིས་ཀྱི་བར་དུ་ཆོས་གཞན་གྱིས་མཆོད་ཀྱང༌། ཆོད་པའི་ཆོས་ གཞན་ཡོད་ཅེས་འདོད་དགོས་ཏེ། དངོས་རྒྱུའི་ཆ་ཤེས་?་དང་དངོས་འབྲས་ཀྱི་ཆ་དང་པོ་ཞིག་གིས་ཆོད་དེ་ཅུང་དཀའ་བའི་གནས་སོ། །གཞན་ཡང་ཤེས་པ་ལ་ཆ་མེད་མི་སྲིད་དེ། ཤེས་པ་རྣམས་དམིགས་པ་དང་ཡིད་ལ་བྱེད་པའི་ རྐྱེན་གྱིས་སོ་སོ་དང་སྔ་ཕྱིར་སྐྱེ་པ་མཐོང་བའི་ཕྱིར། མི་སྐྱེ་ན་སྔ་ཕྱི་བར་གསུམ་གྱི་ཤེས་པ་ཐམས་ཅད་དུས་གཅིག་ཏུ་སྐྱེ་བར་འགྱུར་ཞིང་རྟག་པར་ཐལ་ལོ། །གཉིས་པ་འདུས་མ་བྱས་ལ་ཆ་མེད་མི་སྲིད་དེ། འདུས་མ་བྱས་ཀྱི་ནམ་མཁའ་ ཤར་ཕྱོགས་ཀྱི་བུམ་པའི་ཁོང་སྟོང་ལ་ཁྱབ་པའི་ཆ་དེ་ནུབ་ཕྱོགས་ཀྱི་བུམ་པའི་ཁོང་སྟོང་ལ་ཁྱབ་བམ་མ་ཁྱབ། ཁྱབ་ན་མི་འཐད་དེ། དེ་ཡིན་ན་ཤར་ནུབ་ཀྱི་བུམ་པའི་ཁོང་སྟོང་གཉིས་གཅིག་ཏུ་འགྱུར་ཞིང༌། བུམ་པ་གཉིས་ཀྱང་གཅིག་ཏུ་ འགྱུར་བའི་ཕྱིར། དང་པོ་ལྟར་འགྱུར་བར་འདོད་དོ་ཞེ་ན་མི་འཐད་དེ། ཤར་གྱི་བུམ་པའི་ནང་ཆུ་སོགས་ཀྱིས་གང་བ་ན་ནུབ་ཀྱི་བུམ་པ་ཡང་དེ་དག་གིས་གང་བར་འགྱུར་ཞིང༌། ཕྱོགས་གཞན་ལའང་འགྲེ་བའི་ཕྱིར། མ་ཁྱབ་ན། ན་མཁའ་ @006A ༄༅། །ཆོས་ཅན། ཆ་བཅས་སུ་ཐལ། ཁྱོད་ཀྱི་ཕྱོགས་ཆ་ཆོས་གཞན་ལ་ཁྱབ་མ་ཁྱབ་པའི་ཆ་དུ་མ་དང་བཅས་པའི་ཕྱིར། གཞན་ཡང་ནམ་མཁའ་ཆོས་ཅན། ཁྱོད་ཆ་དང་བཅས་པ་ཡིན་ཏེ། ཁྱོད་ལ་རྡུལ་དང་སྤྲིན་ སོགས་དང་བཅས་མ་བཅས་ཀྱི་ཆ་དུ་མ་ཞིག་ཡོད་པའི་ཕྱིར། ཡང་འདུས་མ་བྱས་ཀྱི་ཆོས་ཉིད་དེ་ཆ་མེད་ཡིན་ནོ་སྙམ་ན། མི་འཐད་དེ། ཆོས་ཉིད་ཀ་པའི་ཆོས་ཉིད་ལ་ཁྱབ་པའི་ཆ་དེ་བུམ་པའི་ཆོས་ཉིད་ལ་ཁྱབ་པམ་མ་ཁྱབ༌།ཁྱབ་ན་མི་ འཐད་དེ། ཀ་བུམ་གཉིས་ཀྱི་ཆོས་ཉིད་ཀྱང་གཅིག་ཏུ་འགྱུར་བའི་ཕྱིར། འདོད་དོ་ཞེ་ན་མི་འཐད་དེ། དེ་ལྟ་ན་ཀ་བུམ་གཉིས་ཀྱང་གཅིག་ཏུ་འགྱུར་ཞིང་ཀབ་ཡོད་ན་བུམ་པ་ཡོད་དགོས་པར་ཐལ་བ་དང༌། ཀབ་བདེན་སྟོང་ཀ་བའི་ཆོས་ཉིད་ དང་བུམ་པ་བདེན་སྟོང་བུམ་པའི་ཆོས་ཉིད་དུ་འཇོག་པའི་རྣམ་གཞག་དང་འགལ་བའི་ཕྱིར། མ་ཁྱབ་ན། ཆོས་ཉིད་ཆོས་ཅན། ཆ་བཅས་སུ་ཐལ། ཁྱོད་ཀ་བའི་ཆོས་ཉིད་ལ་ཁྱབ་པའི་ཆད་བུམ་པའི་ཆོས་ཉིད་ལམ་ཁྱབ་པས་ཁྱབ་མ་ ཁྱབ་བའི་མ་??་དང་བཅས་པའི་ཕྱིར། གཞན་ཡང་འདུས་མ་བྱས་ལ་ཆ་མེད་མི་སྲིད་དེ། ཆོས་ཉིད་ཐམས་ཅད་རང་གི་སྟོང་གཞི་ཆོས་ཅན་སོ་སོའི་སྟེང་ནས་འཇོག་ཅིང༌། འགོག་བདེན་སྤང་བྱ་ཕྲ་རགས་སྤངས་མ་སྤངས་ཀྱི་ཆ་དུ་མ་དང་ བཅས་ལ། འདུས་མ་བྱས་ཀུན་བཏགས་རྣམས་ནི་སྒྲ་རྟོགས་སོ་སོས་བཏགས་པའི་དབང་གིས་འཇོག་པའི་ཆ་དུ་མ་ཡོད་པའི་ཕྱིར། གོང་གི་རྟགས་གཉིས་པ་ཕུང་པོ་ཆོས་ཅན། རང་བཞིན་གྱིས་དུ་མར་མ་གྲུབ་སྟེ། རང་བཞིན་གྱིས་ @006B གཅིག་ཏུ་གྲུབ་པ་མེད་པའི་ཕྱིར། ཁྱབ་སྟེ། གཅིག་བསགས་པ་ལ་བརྟེན་ནས་དུ་མ་འབྱུང་དགོས་པའི་ཕྱིར། ཁྱབ་པ་སྒྲུབ་པ་ནི། རང་བཞིན་གྱིས་གྲུབ་པའི་གཅིག་དང་རང་བཞིན་གྱིས་གྲུབ་པའི་དུ་མ་མེད་ན་རང་བཞིན་གྱིས་མེད་པས་ཁྱབ་ སྟེ། རང་བཞིན་གྱིས་ཡོད་ན་དེ་གང་རུང་དུ་ཡོད་དགོས་པའི་ཕྱིར། དེར་ཐལ། ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པའི་ཕྱིར། དེར་ཐལ། དེ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། དེར་ཐལ། དབུ་མ་སྣང་བ་ལས། གཅིག་དང་དུ་མ་མ་གཏོགས་པའི། །ཡོད་བར་མི་རུང་འདི་ཉིད་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་འདུས་བྱས་དང་འདུས་མ་བྱས་རང་བཞིན་གྱིས་མེད་ཀྱང༌། དེ་གཉིས་ རང་བཞིན་གྱིས་གྲུབ་བས་སྟོང་པའི་སྟོང་ཉིད་དེ་རང་བཞིན་གྱིས་གྲུབ་པར་སྒོམ་དུ་རུང་ངོ་སྙམ་ན། དེ་ནི་ཆོས་མི་འཐད་དེ། དེ་ནི་སྟོང་ཉིད་ལ་བདེན་ཞེན་གྱི་ལྟ་བ་ཡིན་པས་གསོར་མི་རུང་བའི་ལྟ་བ་ཡིན་པའི་ཕྱིར་ཏེ་དཔེར་ན། མ་ཞུ་བའི་གཉེན་ པོར་སྨན་བཏང་བ་དེ་ཉིད་མ་ཞུ་བའི་ནང་དུ་སོང་བ་བཞིན་ཡིན་པའི་ཕྱིར་ཏེ། རྩ་ཤེ་ལས། གང་དག་སྟོང་པ་ཉིད་ལྟ་བ། དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང༌། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། ། ཞེས་གསུངས་པ་ལྟར་རོ། །གཞན་ཡང༌། འདུས་བྱས་རྣམས་ཆོས་ཅན། རང་བཞིན་གྱིས་མི་སྐྱེ་སྟེ། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་མི་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། རྒྱུ་དུས་སུ་ཡོད་པའི་སྒོ་ནས་མི་སྐྱེ་བའི་ཕྱིར༌། @007A ༄༅། །གཉིས་པ་གྲུབ་སྟེ། རང་བཞིན་གྱིས་གྲུབ་པའི་རྒྱུ་གཞན་ལས་མི་སྐྱེ་བའི་ཕྱིར། གཉིས་ཀ་ལས་མི་སྐྱེ་སྟེ། གང་རུང་རེ་རེ་ལས་མི་སྐྱེ་བའི་ཕྱིར། རྒྱུ་མེད་ལས་མི་སྐྱེ་སྟེ། རྒྱུ་རྐྱེན་ལས་སྐྱེ་བ་མཐོང་བའི་ཕྱིར། ཡང༌། རྒྱུས་འབྲས་བུ་རང་བཞིན་གྱིས་མི་བསྐྱེད་དེ། རྒྱུས་རང་དུས་སུ་ཡོད་པའི་འབྲས་བུ་མི་བསྐྱེད། རང་དུས་ན་རྒྱུན་མེད་པའི་འབྲས་བུ་ཡང་མི་བསྐྱེད་རང་དུས་སུ་ཡོད་མེད་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་འབྲས་བུ་ཡང་རང་བཞིན་གྱིས་ མི་བསྐྱེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྒྱུ་དུས་སུ་འབྲས་བུ་ཡོད་ན་རྒྱུ་འབྲས་དུས་མཉམ་དུ་འགྱུར་བ་དང༌། བདག་སྐྱེ་ཡོད་པར་ཐལ་བའི་ཕྱིར། གཉིས་པ་སྒྲུབ་སྟེ། རྒྱུ་དུས་སུ་རང་གི་འབྲས་བུ་མེད་ཀྱང་རྒྱུན་ཡོད་པའི་ཕྱིར་ གསུམ་པ་གྲུབ་སྟེ། རང་དུས་སུ་ཡོད་མེད་གཉིས་ཀ་ཡིན་པ་མི་སྲིད་པའི་ཕྱིར། བཞི་པ་གྲུབ་སྟེ། རྒྱུ་དུས་ན་རང་གི་འབྲས་བུ་མེད་ཅིང་ཡོད་ན་ཡོད་མེད་གཉིས་ཀ་གང་རུང་ཡིན་དགོས་པའི་ཕྱིར། དེར་ཐལ། དེའི་དུས་སུ་ཡོད་ན་ཡོད་དགོས་ བའི་ཕྱིར། གལ་ཏེ་འབྲས་བུ་རང་གི་རྒྱུའི་དུས་སུ་མེད་ན་སྐྱེ་བ་མི་འཐད་དེ། དེ་ལྟ་ན་གཏན་མེད་པའི་རི་ལོང་རྭ་ཡང་དེ་ལས་སྐྱེ་བར་འགྱུར་དགོས་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། འབྲས་བུ་རང་གི་རྒྱུའི་དུས་སུ་མེད་ཀྱང་དེ་ལས་སྐྱེ་བ་དང་སྐྱེས་ ཞེས་པ་ནི། རྒྱུ་ལས་ཕྱིས་འབྱུང་འགྱུར་དང་བྱུང་བ་ལ་བས་མཱ་ནས་དེ་ལྟར་བརྗོད་པས་མི་འགལ་ལ། རི་བོང་རྭ་ལ་སྐྱེ་བའི་རྒྱུན་ཡུལ་དུས་གང་ལ་ལྟོས་ནས་མེད་པས་མི་འདྲ་བའི་ཕྱིར་རོ། །ཡང་བསྒོམ་བྱའི་ཆོས་སོགས་ཀྱི་ངོ་བོ་དང་རྒྱུ་རང་བཞིན་ @007B གྱིས་མེད་ཀྱང་བསྒོམ་པའི་འབྲས་བུ་སོགས་རང་བཞིན་གྱིས་ཡོད་སྙམ་ན། མི་འཐད་དོ། །ཆོས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་གྱི་ནང་གི་འབྲས་བུ་དེ་ཡང་རྟོག་པས་བཏགས་པ་ཙམ་ལས་གཞན་དུ་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར་ཏེ། བསྐྱེད་བྱ་དང་ཐོབ་བྱའི་ འབྲས་བུ་གང་ལ་སྨོན་པ། གང་གིས་སྨོན་པ། ཇི་ལྟར་སྨོན་པའི་འཁོར་གསུམ་རང་བཞིན་གྱིས་མེད་པའི་ཕྱིར་ཏེ། དེ་དག་སེམས་ཀྱིས་བཏགས་པ་ཙམ་གྱིས་འཇོག་པའི་ཕྱིར་རོ། །རྩ་བའི་གཞུང་དེ་དག་གིས་རྣམ་ཐར་སྒོ་གསུམ་སྒོམ་པར་ བསྟན་པ་ཡིན་ཏེ། དངོས་པོ་མེད་པས་སྒོམ་པ་མེད་ཅེས་པས་སྤྱི་དོན་དུ་བཤད་པས་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་བདེན་པས་སྟོང་པའི་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་སྒོམ་པར་བསྟན། བསྒོམ་པར་བྱ་བ་སྒོམ་པ་མིན་ཞེས་པས་རྒྱུ་བདན་ བས་སྟོང་པའི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་བསྟན། རྐང་པ་ཕྱི་མ་གཉིས་ཀྱིས་འབྲས་བུ་བདེན་པས་སྟོང་པའི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་བསྟན་པའི་ཕྱིར་རོ། །དེ་ལ་སྤྱི་དོན་དུ་བཤད་པའི་དོན་ཡོད་དེ། དེ་འདྲ་བའི་སྟོང་ཉིད་དེ་ སྔགས་དང་ཕར་ཕྱིན་གཉིས་ཀའི་བསྒོམ་བྱ་ཐུན་མོང་བ་དང༌། རྒྱུད་སྡེ་བཞི་དང༌། བསྐྱེད་རྫོགས་གཉིས་ཀའི་བསྒོམ་བྱ་ཐུན་མོང་བ་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །གསུམ་པ་སྦས་དོན་ནི། འདིར་མཚོན་ཙམ་བརྗོད་ན། དངོས་ པོ་མེད་པ་ཞེས་སོགས་ཀྱི་གཞུང་འདིས་སྣང་བ་སེམས་སྤས་དང༌། ཀུན་རྫོབ་སྒྱུ་མའི་སྤས་པ་ཡང་བསྟན་ཏེ། སྔར་ཡི་གདོན་དང་སྤྱི་དོན་གྱི་སྐབས་སུ་བཤད་པཱི་ཕུང་སོགས་ཀྱི་དངོས་པོ་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་བདེ་སྟོང་གི་ཡེ་ཤེས་ཙམ་ཞིག @008A ༄༅། །བསྒོམ་པས་མི་ཆོག་གི །དེའི་སྟེང་དུ་སེམས་དབེན་དང་རིམ་པ་གསུམ་པའི་སྒྱུ་ལུས་ཀྱང་བསྒོམ་པར་བྱ་དགོས་པའི་ཕྱིར། དེ་ལྟར་བསྒོམ་པའི་ཚེ་སྒྱུ་ལུས་ཀྱི་དངོས་པོ་དེ་ཐ་སྙད་དུ་མེད་པ་དང་རང་བཞིན་གྱིས་ཡོད་པ་དང་ཡོད་ མེད་གཉིས་ཀ་དང་གཉིས་ཀ་མིན་པའི་མཐའ་གང་དུའང་བདེན་པར་བཟུང་ནས་མི་བསྒོམ་སྟེ། སྒོམ་པ་པོ་དང་སྒོམ་པ་དང་བསྒོམ་པར་བྱ་བའི་ཆོས་རྣམས་རང་བཞིན་གྱིས་མེད་པའི་ཕྱིར་རོ། །བཞི་པ་མཐར་ཐུག་ནི། བསྡུ་ན། དེའི་སྟེང་དུ་རིམ་ པ་གསུམ་པའི་སྒྱུ་ལུས་བསྒོམ་པ་ཙམ་གྱིས་ཀྱང་རྫོགས་རིམ་གྱི་གཙོ་བོ་རྫོགས་པ་མིན་ཏེ། དེའི་དུས་སུ་རིམ་པ་བཞི་པའི་དོན་གྱི་འོད་གསལ་དང་བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་མེད་པས་དེ་གཉིས་ཀྱང་བསྒོམ་དགོས་པའི་ཕྱིར་ དོན་གྱི་འོད་གསལ་དང་དག་པའི་སྒྱུ་ལུས་གཉིས་ཟུང་འབྲེལ་དུ་འཇུག་པར་བསྟན་པ་ནི་མཐར་ཐུག་གི་དོན་ནོ། །དེ་ནས་རྣམ་སྣང༌། མི་བསྐྱོད་པ། རིན་འབྱུང༌། འོད་དཔག་མེད། དོན་གྲུབ་དང་ལྔས་གསུངས་པ་རྣམས་དགོངས་ མིན་དུ་བཤད་དེ། གཉིས་པ་རྣམ་སྣང་གིས་གསུངས་པ་ནི། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་ལ་བདག་མེད་མཉམ་ཉིད་པས། །རང་སེམས་ གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་དང་བྲལ་བ་ཡིན་ཏེ། དེ་ཡང་གཟུགས་ཀྱི་ཕུང་པོ་དང༌། ཁམས་བཅྭོ་བརྒྱད་དང༌། སྐྱེ་མཆེད་བཅུ་གཉིས་ @008B ཏེ་ཕྱི་གཟུང་བ་ཡུལ་དང་ནང་འཛིན་པ་ཡུལ་ཅན་རྣམས་ནི་རང་བཞིན་གྱིས་གྲུབ་པ་རྣམ་པར་སྤངས་པའི་ཆོས་བདག་མེད་པ་ཡུལ་གྱི་འོད་གསལ་དང་རོ་གཅིག་ཏུ་ཞུགས་པའི་རང་གི་སེམས་གདོད་མ་ནས་རང་བཞིན་གྱིས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་ བཞིན་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་དང་དག་པའི་སྒྱུ་ལུས་གཉིས་ཟུང་དུ་འཇུག་བ་ནི་ཟུང་འཇུག་གི་སྐུའོ། །གསུམ་པ་མི་བསྐྱོད་པས་གསུངས་པ་ནི་?་དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། ། ནམ་མཁའ་ལྷ་བུར་བདག་མེད་པ། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་སོ། །ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན་རང་བཞིན་གྱིས་མ་སྐྱས?་པ་ཡིན་ཏེ། རང་བཞིན་གྱིས་གྲུབ་པའི་རྒྱུ་རྐྱེན་དང་བྲལ་བའི་ཕྱིར། ཕུང་སོགས་ཀྱི་ ཆོས་ཉིད་རང་བཞིན་གྱིས་མེད་པ་ཡིན་ཏེ། ཆོས་ཅན་ཕུང་སོགས་རང་བཞིན་གྱིས་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། བདེན་པའི་རྟེན་དུ་བརྫུན་པ་མི་རིགས་པའི་ཕྱིར་ཏེ། བདེན་པར་གྲུབ་ན་རྟེན་བརྫུན་པ་དང་འབྲེལ་པ་གྲུབ་མི་དགོས་ལ། ཆོས་ཉིད་དང་ཆོས་ཅན་ལ་རྟེན་བརྟེན་པའི་འབྲེལ་པ་གྲུབ་པའི་ཕྱིར་རོ། །དེ་ལྟ་ནའང་བདག་མེད་པའི་དོན་བསྒོམས་པ་ལས་ལྷ་སྐུ་འབྱུང་བ་མི་འགལ་ཏེ། དེ་ལས་ནམ་མཁའ་ལྟ་བུ་བདག་མེད་པ་རྟོགས་པའི་དོན་གྱི་འོད་གསལ་དང༌། བྱང་ཆུབ་ཟུང་འཇུག་སྒྲུབ་པའི་ཚུལ་འདི་མི་ལྡོག་པས་བརྟན་པའོ། །བཞི་པ་རིན་འབྱུང་གིས་གསུངས་པ་ནི། ཆོས་རྣམས་ཐམས་ཅད་དངོས་མེད་ཅིང༌། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །བདག་མེད་ཆོས་ལས་ཀུན་ཏུ་འབྱུང༌། ། @009A ༄༅། །བྱང་ཆུབ་ཚུལ་འདི་བརྟན་བའོ། །ཞེས་སོ། །ཕྱི་ནང་གི་ཆོས་རྣམས་ཆོས་ཅན། རང་བཞིན་གྱིས་གྲུབ་པའི་དངོས་པོ་མེད་དེ། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། ཕྱི་ནང་གི་ཆོས་རྣམས་ལ་རང་རང་མཚོན་པར་བྱེད་པའི་ མཚན་ཉིད་ཚ་བས་མེ་དང་གཤེར་བས་ཆུ་མཚོན་པར་བྱེད་པ་སོགས་ནི་ཐ་སྙད་དུ་གྲུབ་མོད། དོན་དམ་པར་ཆོས་དེ་རྣམས་ཀྱི་མཚན་ཉིད་རྣམ་པར་སྤངས་པའི་ཕྱིར། དེ་ལྟ་ནའང་བདག་མེད་པའི་དོན་བསྒམ་པ་ལས་ལྷ་སྐུ་འབྱུང་བ་མི་ འགལ་ཏེ། བདག་མེད་པའི་ཆོས་ཡུལ་གྱི་འོད་གསལ་མངོན་སུམ་རོགས་པའི་ཡུལ་ཅན་འོད་གསལ་ལས་ཀུན་ཏུ་འཕན་པའི་དབང་གིས་ཟུང་འཇུག་འདི་འབྱུང་ཞིང༌། བྱང་ཆུབ་ཐོབ་པར་བྱེད་པའི་ཚུལ་དེ་བརྟན་པའོ། །ལྔ་པ་ འོད་དཔག་མེད་ཀྱིས་གསུངས་པ་ནི། མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་སྒོམ་པའང་མེད། ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །དངོས་པོ་དག་ཏུ་རབ་ཏུ་བསྒྲགས། །ཞེས་སོ། །ཕྱི་ནང་གི་ཆོས་རྣམས་ཆོས་ཅན་ ཁྱོད་ལ་བསྒོམ་པར་བྱ་བ་ངོ་བོ་ཉིད་ཀྱིས་མེད་དེ། ཁྱོད་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། སྒོམ་པ་པོར་མ་ཟད་སྒོམ་པའང་རང་བཞིན་གྱིས་མེད་དེ། བསྒོམ་པར་བྱ་བའི་དེ་ཁོ་ན་ཉིད་རང་བཞིན་གྱིས་མེད་པའི་ཕྱིར། དེ་ལྟ་ནའང་ལྷ་སྐུ་ འགྲུབ་པ་མི་འགལ་ཏེ། ནམ་མཁའ་ལྷ་བུའི་དོན་གྱི་འོད་གསལ་དང་དག་པའི་སྒྱུ་མའི་སླུ་གཉིས་དངོས་པོ་གཅིག་ཏུ་སྦྱོར་བ་ནི། ཟུང་འཇུག་གི་དངོས་པོ་དག་ཏུ་རྡོ་རྗེ་འཆང་གིས་རབ་ཏུ་བསྒྲགས་པ་སྟེ་བཤད་པའི་ཕྱིར་རོ། །དྲུག་པ་ @009B དོན་གྲུབ་ཀྱིས་གསུངས་པ་ནི། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་སོ། །བདེན་གཉིས་ཀྱིས་བསྡུས་པའི་ཆོས་ རྣམས་ཆོས་ཅན། གདོད་མ་ནས་རང་བཞིན་གྱིས་དག་པ་ཡིན་ཏེ། དང་པོ་ནས་རང་བཞིན་གྱིས་གྲུབ་པར་ཡོད་མ་མྱོང་བའི་ཕྱིར། དཔེར་ན། ནམ་མཁའ་ནི་ཐོགས་པའི་རེག་བྱའི་ངོ་བོར་གདོད་ནས་ཡོད་མ་མྱོང་བ་བཞིན་ནོ། །འོན་ཀྱང་ ལྷ་སྐུ་འགྲུབ་པ་མི་འགལ་ཏེ། མངོན་པར་བྱང་ཆུབ་པ་དོན་གྱི་འོད་གསལ་དང་མངོན་པར་རྟོགས་པ་སྒྱུ་ལུས་གཉིས་ངོ་བོ་གཉིས་སུ་མེད་ཅིང༌། ལྡོག་པ་གཅིག་ཏུ་མེད་པའི་ཟུང་འཇུག་གི་བྱང་ཆུབ་ཀྱི་ཐབས་ཚུལ་འདི་སླར་མི་ལྡོག་པས་ན་བརྟན་ པའི་ཞེས་པ་ནི་ལེའུ་གཉིས་པ་ནས་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྐབས་ནས་འབྱུང་བ་རྣམས་ཏེ། བྱང་ཆུབ་ཀྱི་སེམས་ཞེས་པ་ནི། ཀུན་རྫོབ་བྱང་ཆུབ་སེམས་མིན་གྱི། འོད་གསལ། སྒྱུ་ལུས། ཟུང་འཇུག་རྣམས་ལ་དེའི་ མིང་གིས་བརྗོད་པའོ། 7 །གཉིས་པ་ལེའུ་དགུ་པ་ནས་འབྱུང་བ་ནི། གོང་དུ་སྲོག་གཅོད་སོགས་བྱ་བར་བཤད་པའི་སྒྲས་ཟིན་ལ་འཁོར་རྣམས་དོགས་ནས་དོགས་གཅོད་དང་དེ་ལྟར་གསུངས་པའི་དགོངས་གཞི་གང་ཡིན་དོན་གྱིས་ཞུས་ པ་ན། ལན་དུ་རྡོ་རྗེ་འཆང་ཉིད་ཀྱིས་རིགས་ཀྱི་བུ་དམན་པའི་འདུ་ཤེས་དང༌། སྨད་པའི་འདུ་ཤེས་དེ་ལྟ་བུ་ཡང་མ་བསྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ །འདི་ལྟ་སྟེ། སྔགས་ཀྱི་ @010A ༄༅། །སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་བའོ། །རིགས་ཀྱི་བུ་འདི་ལྟ་སྟེ། ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། ཆོས་ཐམས་ཅད་ཀྱང་ནམ་མཁའི་ཁམས་སུ་གཏོགས་བའོ། །ཆོས་དེ་དག་ཐམས་ཅད་ཀྱང་ འདོད་པའི་ཁམས་ལ་མི་གནས། གཟུགས་ཀྱི་ཁམས་ལ་མི་གནས། གཟུགས་མེད་པའི་ཁམས་ལ་མི་གནས། འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་དེ་ལྟར་རྗེས་སུ་རིག་པར་བྱའོ། ། དེ་བཞིན་གཤེགས་པ་རྣམས་ནི་དོན་གྱི་དབང་དེ་ལྟ་བུ་མཁྱེན་ཅིང༌། སེམས་ཅན་རྣམས་ཀྱི་བསམ་པ་མཁྱེན་ནས་ཆོས་འཆད་པར་མཛད་དོ། །རིགས་ཀྱི་བུ་དེ་ལྟར་ནམ་མཁའི་ཚིག་ངེས་པར་བརྗོད་པས། དེ་བཞིན་གཤེགས་པའི་ དམ་ཚིག་དེ་དག་རྗེས་སུ་རིག་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། གཙུབ་ཤིང་དང་གཙུབ་སྟན་དང་མིའི་ལག་པ་བསྐྱོད་པའི་རྐྱེན་གྱིས་དུ་བ་འབྱུང་ཞིང་མེ་འབྱུང་བར་འགྱུར་མོད། མེ་དེ་ཡང་གཙུབ་ཤིང་ལ་ཡང་མི་ གནས། གཙུབ་སྟན་ལ་ཡང་མི་གནས། མིའི་ལག་པ་བསྐྱོད་པ་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་འགྲོ་བ་དང་འོད་པ་ལ་སོགས་པར་བྱའོ་ཞེས་གསུངས་སོ། ། འདི་རྣམས་ཀྱི་དོན་མཚན་འགྲེལ་ལྟར་བཤད་ན། རིགས་ཀྱི་བུ་ཞེས་བོས་ནས་ཁྱེད་རྣམས་ཀྱིས་ཚིག་དེ་ལ་དམན་པ་དང༌། སྨད་པའི་འདུ་ཤེས་དེ་ལྟ་བུ་མ་བསྐྱེད་ཅིག །རྒྱུད་མཚན་ནི་སྔགས་ཀྱི་སྤྱོད་པ་མཆོག་དང་དེ་བཞིན་གཤེགས་ @010B པའི་སྤྱོད་པ་ལྟ་བུའོ་ཞེས་གསུངས་ནས། དཔེ་དོན་བྱེ་བྲག་པ་ཞིག་ལ་སྦྱར་ནས་འཆད་པ་ནི། དཔེར་ན་ཞེས་ཕྱི་ལ་སྦྱར་ན་ནམ་མཁའ་སྟོང་པ་དེ་ཕྱིའི་གཟུགས་ཅན་གྱི་སྣོད་བཅུད་ཐམས་ཅད་ལ་ཁྱབ་པ་དང༌། ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་གོ་ འབྱེད་དེ། ཆོས་དེ་རྣམས་ནམ་མཁའི་ཁམས་སུ་གཏོགས་ཤིང་དེར་འདུའོ། །དོན་དང་སྦྱར་ན་ནམ་མཁའ་རང་བཞིན་གྱིས་གྲུབ་པས་སྟོང་པ་དེ་ཉིད་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་རྗེས་སུ་འགྲོ་བ་ཡིན་ཏེ༌། ཕུང་སོགས་ཀྱི་ཆོས་ཐམས་ཅད་ཀྱང་ནམ་མཁའ་རང་བཞིན་གྱིས་གྲུབ་པས་སྟོང་པ་དེའི་ཁོངས་སུ་གཏོགས་པའི་ཕྱིར་ཕུང་སོགས་ཆོས་ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ཅིང་བཙལ་ན་བཏགས་ངོན་མི་རྙེད་པས་རྩ་བ་ མེད་ཅིང་གནས་མེད་པ་ཡིན་ཏེ། ཆོས་དེ་ཐམས་ཅད་ཀྱང་འདོད་པའི་ཁམས་ན་ཡང་རང་བཞིན་གྱིས་གྲུབ་པར་མི་གནས། གཟུགས་ཀྱི་ཁམས་ན་ཡང་རང་བཞིན་གྱིས་མི་གནས། གཟུགས་མེད་པའི་ཁམས་ན་ཡང་རང་བཞིན་གྱིས་མི་ གནས་བ་སོགས་འབྱུང་བ་ཆེན་པོ་བཞི་ལ་ཡང་རང་བཞིན་གྱིས་གྲུབ་པར་མི་གནས་པའི་ཕྱིར་ཏེ། གནས་དང་གནས་པ་པོའི་རྟེན་བརྟེན་པ་རྣམས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་ལྟར་ཕུང་སོགས་ཀྱི་ཆོས་ཐམས་ཅད་ ཀྱང་ནམ་མཁའ་རང་བཞིན་གྱིས་སྟོང་པ་དེ་ལྟར་རྗེས་སུ་རིག་པར་བྱའོ། །དེ་ལ་རང་བཞིན་གྱིས་མ་གྲུབ་པའི་ཚུལ་གོང་དུ་བཤད་པ་ལྟར་ཤེས་པ་སྔོན་དུ་འགྲོ་དགོས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་རྟེན་འབྲེལ་སྟོང་པའི་དོན་ཡིན་པའི་ @011A ༄༅། །དོན་གྱི་དབང་དེ་ལྟ་བུ་མཁྱེན་ཅིང་སེམས་ཅན་རྣམས་ཀྱི་བསམ་པའི་ཁྱད་པར་རྣམས་མཁྱེན་ནས་ཆོས་འཆད་པར་མཛད་དོ། །རིགས་ཀྱི་བུ་སྔར་བཤད་པ་དེ་ལྟར་རང་བཞིན་གྱིས་སྟོང་པའི་ཚིག་དོན་ངོམ?་པར་བརྗོད་པས། དེ་བཞིན་གཤེགས་པའི་དམ་ཚིག་དང་ཕུང་སོགས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པ་དེའི་རྗེས་སུ་རིག་པར་བྱའོ། །སྟོང་ཉིད་ཀྱི་དོན་རྟོགས་ན་སྔགས་ཀྱི་སྤྱོད་པ་མཆོག་འགྱུར་བ་ནི། སྟོང་ཉིད་དེ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ རྟོགས་ནས་འོད་གསལ་དུ་འཇུག་ནུས་ན་དེ་ལྟར་འགྱུར་བ་ལ་དགོངས་སོ། །དེ་ལྟ་ནའང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པ་ལས་ཡེ་ཤེས་ཀྱི་སྐུ་མི་འགྲུབ་པའི་སྐྱོན་མེད་དེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། དྲོད་དང་དུ་བ་དང་མེ་གསུམ་པོ་དེ་དོན་དམ་ལ་དཔྱོད་པའི་རིག་ཤེས་ཀྱི་ངོ་བོར་གང་གཙུབ་པའི་གཙུབ་ཤིང་ལ་ཡང་མི་གནས། གང་ལ་གཙུབ་པའི་གཙུབ་སྟན་ལ་ཡང་མི་གནས། གང་གིས་གཙུབ་པའི་མིའི་ལག་པ་ལ་ཡང་མི་གནས་ མོད་ཀྱང༌། དེ་ལྟར་གཙུབ་པའི་ཚེ་ཐ་སྙད་དུ་གཙུབ་ཤིང༌། གཙུབ་སྟན། མིའི་ལག་པ་བསྐྱོད་པའི་རྟེན་འབྲེལ་གྱི་རྐྱེན་གྱིས་དང་པོར་དྲོད་དང༌། དེ་ལ་བརྟེན་ནས་དེ་ལས་མེ་འབར་བ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་ དུ་ཡུལ་སྟོང་པ་ཉིད་ཇི་ལྟ་བ་བཞིན་དུ་ཡུལ་ཅན་ཡེ་ཤེས་ཀྱང་གཤེགས་པའི་ཐམས་ཅད་སྟོང་པ་འོད་གསལ་དང༌། རྡོ་རྗེ་སྟོང་པ་དང༌། དམ་ཚིག་ཤིན་ཏུ་སྟོང་པ་དང༌། རྗེས་སུ་རིག་པར་བྱ་བ་སྟོང་པ་བཞི་རིམ་གྱིས་ལུགས་འབྱུང་དུ་འགྲོ་བ་ @011B དང༌། ལུགས་བཟློག་ཏུ་འོང་བ་འབྱུང་ཞིང་ལུགས་འབྱུང་གི་སྟོང་པ་འོད་གསལ་གྱི་རླུང་སེམས་ལས་ཡེ་ཤེས་ཀྱི་ལྷ་སྐུ་འགྲུབ་པར་འགྱུར་རོ་ཞེས་པའོ། །འདིར་གཙུབ་ཞེས་པ་ནི་བདར་བའི་དོན་ནོ། །གཙུབ་ཤིང་སོགས་དཔེར་མཛད་པ་ནི་ དཔེ་ཁྱད་པར་ཅན་ལ་དགོངས་ཀྱི། གཞན་རྔ་དང་དབྱུག་གུ་དང་མིའི་ལག་པ་བསྐྱོད་པ་ལས་རྔ་སྒྲ་འབྱུང་བ་དང༌། འོ་མ་སྲུབས་ཤིང་མིའི་ལག་པ་བསྐྱོད་པ་ལས་མར་དང༌། མེ་ལྕགས་མེ་རྡོ་མིའི་ལག་པ་བསྐྱོད་པའི་རྐྱེན་གྱིས་མེ་འབྱུང་བ་ སོགས་མཚོན་དཔེ་མང་ངོ། །གཞན་ཡང་ལེའུ་བདུན་པ་ལས། དམ་ཚིག་ཁུ་བྱུང་ཆོག་བཞིན། །ཞེས་སོགས་རྐང་པ་བཞི་དང༌། རང་བཞིན་གྱིས་ནི་འོད་གསལ་བ། །ཐམས་ཅད་མ་སྐྱེས་ཟག་པ་མེད། །ཞེས་སོགས་བཞི་དང༌། ཐམས་ཅད་རང་བཞིན་འོད་གསལ་བ། །ཞེས་སོགས་བཞིས་ཀྱང་སྟོང་ཉིད་ཀྱི་དོན་བསྟན་ཏོ། 7 །གསུམ་པ་ལེའུ་བཅྭོ་ལྔ་པ་ལས་གསུངས་ཚུལ་ནི། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། །རང་བཞིན་དག པ་དེ་ཉིད་ལ། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུང༌། །ཞེས་དང༌། རང་སེམས་རྣམས་ནི་དམིགས་པ་ལ། །ཆོས་རྣམས་ཐམས་ཅད་རབ་ཏུ་གནས། །ནམ་མཁའ་རྡོ་རྗེའི་རང་སེམས་འདི། །ཆོས་མེད་ཆོས་ཉིད་མེད་པའོ། །ཞེས་དང༌། བཅོམ་ལྡན་འདས་ཅི་གང་ཞིག་ལགས། །ཆོས་རྣམས་ངོ་བོ་མེད་པ་ལ། །ཆོས་ཀྱི་དེ་ཉིད་ཀུན་བཤད་པ། །ཨེ་མའོ་ངོ་མཚར་ལས་བྱུང་བ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་ @012A ༄༅། །པ་ཐམས་ཅད་ནམ་མཁའ་ནི་ཆོས་གང་དང་ཡང་མི་ལྡན་ཏེ། མི་ལྡན་པ་ཡང་མ་ཡིན་ནོ། །ནམ་མཁའ་དེ་ཆོས་ཐམས་ཅད་དུ་གཏོགས་ལ། ཐམས་ཅད་ཀྱི་རྗེས་སུ་བལྟའོ་སྙམ་དུ་མི་སེམས་སོ། །དེ་བཞིན་དུ་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་ལྟ་བུ་དང༌། རྨི་ལམ་གྱི་དམ་ཚིག་ལས་བྱུང་བར་རྗེས་སུ་རྟོགས་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ བརྟག་ཏུ་མེད་ཅིང་བལྟར་མི་སྣང་བ་ཐོགས་པ་མེད་པ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། ལུས་དང་ངག་དང་སེམས་དང་ཆོས་ཐམས་ཅད་རྡོ་རྗེའི་གནས་ཀྱི་དམ་ཚིག་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་ངོ་ བོ་ཉིད་གཅིག་པའི་ཕྱིར་ཏེ། འདི་ལྟ་སྟེ་སེམས་ཀྱི་ངོ་བོ་ཉིད་དོ། །ལུས་དང་ངག་དང་སེམས་ཀྱི་ཁམས་གང་ཡིན་པ་དང་ནམ་མཁའི་ཁམས་དེ་དག་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ ཐམས་ཅད་འདི་ལྟ་སྟེ། དཔེར་ན། སེམས་ཅན་ཐམས་ཅད་ནམ་མཁའི་ཁམས་ལ་གནས་ཏེ། ནམ་མཁའི་ཁམས་དེ་ཡང་འདོད་པའི་ཁམས་ན་གནས་པ་ཡང་མ་ཡིན། གཟུགས་ཀྱི་ཁམས་ན་གནས་པ་ཡང་མ་ཡིན། གཟུགས་ མེད་པའི་ཁམས་ན་གནས་པ་ཡང་མ་ཡིན་ཏེ། ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ནི་སྐྱེ་བ་མེད་དོ། །གང་ལ་སྐྱེ་བ་མེད་པ་དེ་ནི་ཆོས་གང་གིས་ཀྱང་བརྟག་པར་མི་ནུས་སོ། །དེ་ལས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐཾད་ @012B ཆོས་ཐམས་ཅད་ངོ་བོ་ཉིད་མེད་བའོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན། བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་འབྱུང་བ་རྡོ་རྗེའི་གནས་བྱེད་པ་སྟེ། བྱང་ཆུབ་ཀྱི་ སེམས་དེ་ཡང་ལུས་ལ་མི་གནས་ངག་ལ་མི་གནས་སེམས་ལ་མི་གནས་སོ། །ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ལ་སྐྱེ་བ་མེད་དོ། །འདི་ནི་ཡེ་ཤེས་འབྱུང་བ་རྡོ་རྗེའི་གནས་ཡིན་ནོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ ཐམས་ཅད་རྨི་ལམ་དེ་ནི་བདག་གིས་ཁམས་གསུམ་དུ་རྨི་ལམ་མཐོང་བར་བྱའོ་སྙམ་དུ་མི་སེམས་སོ། །མི་ཡང་བདག་གིས་རྨི་ལམ་མཐོང་ངོ་སྙམ་དུ་མི་སེམས་སོ། །ཁམས་གསུམ་གྱི་བྱ་བ་དེ་རྣམས་ཀྱང་རྨི་ལམ་ལྟ་བུ། རྨི་ལམ་དང་འདྲ་བ། རྨི་ལམ་ལས་བྱུང་བའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་པ་དང༌། སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་རྨི་ལམ་ལ་ བདག་མེད་པའི་རྗེས་སུ་རྟོགས་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོ་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། རིན་པོ་ ཆེ་ཐམས་ཅད་ཀྱི་གཙོ་བོ་ཡོན་ཏན་ཐམས་ཅད་དང་ལྡན་པ་གང་ཡིན་པ་དེ་ལ། སེམས་ཅན་གང་དག་གིས་གསེར་རམ་རིན་པོ་ཆེ་དངུལ་ཡང་རུང་སྟེ། གང་བསླངས་པ་དེ་དག་ཐམས་ཅད་བསམ་པ་ཙམ་གྱིས་འབྱོར་བར་བྱེད་དོ། །རིན་པོ་ཆེ་ལ་ @013A ༄༅། །སོགས་པ་དེ་དག་ཀྱང་སེམས་ལ་ཡང་མི་གནས། ཡིད་བཞིན་གྱི་ནོར་བུ་ལ་ཡང་མི་གནས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་དང༌། སངས་རྒྱས་ཀྱི་ཆོས་ཐཾད་ ཀྱང་རྗེས་སུ་རྟོགས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རབ་ཏུ་དགྱེས་པའི་སྤྱན་གདངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་གང་ནམ་མཁའི་ཁམས་ཀྱི་རྗེས་སུ་འབྲང་བའི་ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་རྣམས་རྗེས་སུ་འབྲང་བ་ངོ་མཚར་ཏོ་ཞེས་དང༌། གང་བཅོམ་ལྡན་འདས་ཁྱེད་ཀྱི་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་ དངོས་གྲུབ་མདོར་བསྡུས་ཏེ་གསུངས་པ་སྔགས་ཐམས་ཅད་ཀྱི་རྡོ་རྗེ་མདོར་བསྡུས་པའི་དངོས་གྲུབ་དེ་དག་གང་ལ་གནས་ཞེས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་སྔགས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་མི་ གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྔགས་ཀྱི་དངོས་གྲུབ་ཐམས་ཅད་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་བདག་གི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་ནི་གནས་སོ། །ལུས་ དང་ངག་དང་སེམས་རྡོ་རྗེ་དེ་དག་ཀྱང༌། འདོད་པའི་ཁམས་ན་མི་གནས་གཟུགས་དང་གཟུགས་མེད་པའི་ཁམས་ན་མི་གནས། སེམས་ཀྱང་ལུས་ལ་མི་གནས། ལུས་ཀྱང་སེམས་ལ་མི་གནས། ངག་ཀྱང་སེམས་ལ་མི་གནས། @013B སེམས་ཀྱང་ངག་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ལྟར་ངོ་བོ་ཉིད་ཀྱིས་དག་པའི་ཕྱིར་རོ་ཞེས་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་གང་ན་གནས། གང་ནས་བྱུང༌། དཔལ་རྡོ་རྗེ་སེམས་དཔས་ བཀའ་སྩལ་པ། རང་གི་ལུས་དང་ངག་དང་སེམས་རྡོ་རྗེ་སེམས་རྡོ་རྗེ་ལས་བྱུང་ངོ། །གསོལ་པ། སེམས་གང་ན་གནས། ནམ་མཁའ་ལ་གནས་སོ། །གསོལ་པ། ནམ་མཁའ་གང་ལ་གནས། བཀའ་སྩལ་པ། གང་ན་ཡང་མི་ གནས་སོ་ཞེས་གསུངས་སོ། 7 །འདི་དག་གི་དོན་བསྡུས་ཏེ་བཤད་ན། འདིར་དང་པོ་རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་རང་བཞིན་མེད་པར་འཆད་པ་ནི། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ཞེས་སོགས་ཚིགས་བཅད་གཅིག་གི་དོན་ལ། ཕུང་སོགས་ཀྱི་ཆོས་རྣམས་ཆོས་ཅན། རང་བཞིན་གྱིས་མ་སྐྱེས་ཏེ། དེ་ལྟར་བསྐྱེད་པའི་རྒྱུ་མེད་པའི་ཕྱིར། དཔེར་ན། རྨི་ལམ་གྱི་ཁང་ཁྱིམ་ལྟ་བུའོ། །དེ་ལྟར་ཕུང་སོགས་ཀྱི་ཆོས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པར་ གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། རང་བཞིན་གྱིས་རྣམ་པར་དག་པའི་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་དེ་ལ། འཁྲུལ་པའི་བདེན་འཛིན་འཇོམས་པར་བྱེད་པའི་རྡོ་རྗེ་ཞེས་རབ་ཏུ་གསུང་པ་སྟེ་བཤད་པའི་ཕྱིར། ཕུང་སོགས་ཀྱི་ འདུས་བྱས་རྣམས་ཆོས་ཅན། རང་བཞིན་གྱིས་མ་སྐྱེས་ཏེ། རྒྱུ་རྐྱེན་ལ་བརྟེན་ནས་སྐྱེས་པའི་ཕྱིར། ཁྱབ་སྟེ། མ་དྲོས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། རྐྱེན་ལས་ @014A ༄༅། །རག་ལས་གང་དེ་སྟོང་བར་བཤད། །ཅེས་གསུངས་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་མ་སྐྱེས་ཞེས་མང་དུ་གསུངས་པའི་དགོངས་གཞི་ནི། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་པ་ཡིན་ཏེ། ལངྐར་ གཤེགས་པ་ལས། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས། ངས་ཆོས་ཐམས་ཅད་མ་སྐྱེས་པར་བསྟན་ཏོ་ཞེས་གསུངས་པའི་ཕྱིར། གཉིས་པ་རང་སེམས་རྣམས་ཀྱི་དམིགས་པ་ལ། །ཞེས་སོགས་ཀྱི་དོན་ནི། ཆོས་རྣམས་ཐཾད་ ཆོས་ཅན། རང་བཞིན་གྱིས་སྟོང་པ་ལ་རབ་ཏུ་གནས་པ་ཡིན་ཏེ། སེམས་ཀྱིས་བཏགས་པ་ཙམ་དུ་ཡོད་ཀྱི། ངོ་བོས་ཡོད་པ་མ་ཡིན་པའི་ཕྱིར། དཔེར་ན། རྨི་ལམ་དུ་རང་གི་སེམས་ལ་སྣང་བའི་རི་ཁང་ཁྱིམ་ལ་སོགས་པ་རྣམས་ནི་ སེམས་ཀྱིས་བཏགས་པ་ཙམ་དུ་དམིགས་པ་ལ་གནས་པ་བཞིན་ནོ། །སེམས་དེ་ཡང་དེས་བཏགས་པ་ཙམ་ལས་གཞན་དུ་མེད་དེ། ནམ་མཁའ་རྡོ་རྗེ་རང་བཞིན་སྟོང་པ་ལ་གནས་ཤིང་དེ་ལས་མ་འདས་པའི་ཕྱིར་རོ། །མདོར་ན་ཆོས་ཐཾད་ རང་བཞིན་གྱིས་མེད་དེ། ཆོས་ཅན་རང་བཞིན་གྱིས་མེད་པས་ཆོས་ཉིད་ཀྱང་རང་བཞིན་མེད་པའི་ཕྱིར་ཏེ། རྩ་ཤེ་ལས། སྟོང་མིན་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པའི་ཕྱིར། གསུམ་པ་ བཅོམ་ལྡན་འདས་འདི་ཅི་ཞིག་ལགས། །ཆོས་རྣམས་ངོ་བོ་མེད་པ་ལ། །ཞེས་སོགས་ཀྱི་དོན་ནི། བཅོམ་ལྡན་འདས་དཀའ་བའི་དོན་འདི་ལྟ་བུ་ཞིག་ལགས། ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་གྲུབ་པའི་ངོ་བོ་མེད་པ་ལ་ཆོས་ @014B ཀྱི་དེ་ཉིད་ནམ་མཁའ་ལྟར་རང་བཞིན་གྱིས་གྲུབ་པས་སྟོང་པའི་རྒྱུ་ལས་ནམ་མཁའ་ལྟར་རང་བཞིན་གྱིས་གྲུབ་པས་སྟོང་པའི་འབྲས་བུ་འབྱུང་བ་ཀུན་ཏུ་བཤད་པ་འདི་ནི། ཨེ་མའོ་ངོ་མཚར་ཆེ་སྟེ། ནམ་མཁའ་ལྟ་བུའི་རྒྱུ་སྟོང་པའི་ཆོས་ལས་ནམ་ མཁའ་ལྟ་བུའི་འབྲས་བུ་སྟོང་པའི་ཆོས་འབྱུང་བའི་ཕྱིར་ཞེས་པའོ། །འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱིས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང༌། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་ རྨད་བྱུང༌། །ཞེས་གསུངས་པ་དང་འདྲའོ། །དོན་འདི་ནི་ཤིན་ཏུ་རྟོགས་དཀའ་བའི་གནས་ཡིན་ཏེ། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ་རྒྱུ་འབྲས་ཀྱི་བྱ་བྱེད་འཐད་པར་འཇོག་ཚུལ་དེ་ཤིན་ཏུ་དཀའ་བའི་ཕྱིར་ཏེ། སྟོན་པ་ཉིད་ ཀྱིས་ཀྱང་དོན་འདི་རྟོགས་དཀའ་བར་གསུངས་པའི་ཕྱིར་ཏེ། སྡུད་པ་ལས། འདྲེན་པ་རྣམས་ཀྱི་ཆོས་འདི་ཟ་བ་སྟེ་མཐོང་བ་དཀའ། །སུས་ཀྱང་རྟོགས་པ་མེད་ཅིང་ཐོབ་པར་འགྱུར་མེད་པ། །དེ་ཕྱིར་ཕན་མཛད་བརྩེར་ལྡན་བྱང་ཆུབ་བརྙེས་ ནས་ནི། །སེམས་ཅན་ཚོགས་སུས་ཤེས་སྙམ་ཐུགས་ཁྲལ་ཆུང་བར་མཛད། །ཅེས་གསུངས་པའི་ཕྱིར། བཞི་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའི་ནི་ཆོས་གང་དང་མི་ལྡན་ཏེ་ཞེས་སོགས་མན་ཆད་ རྣམས་ཏེ། དོན་བསྡུ་ན། འཁོར་རྣམས་ལ་བོས་ནས་ནམ་མཁའ་ཐོགས་པའི་རེག་པས་བཀག་པ་ནི། བུམ་སྣམ་ལ་སོགས་པའི་ཆོས་གང་དང་མི་ལྡན་པ་སྟེ་གཅིག་མ་ཡིན་ལ། དེ་རྣམས་དང་མི་ལྡན་པ་ཡང་མ་ཡིན་པ་སྟེ་ངོ་བོ་ཐ་དད་ཀྱང་ @015A ༄༅། །མ་ཡིན་ནོ། །གཅིག་མིན་ཏེ། ནམ་མཁའ་ནི་འདུས་མ་བྱས་དང༌། བུམ་སྣམ་ནི་འདུས་བྱས་ཡིན་པའི་ཕྱིར། ངོ་བོ་ཐ་དད་ཀྱང་མ་ཡིན་ཏེ། བུམ་སྣམ་སོགས་ནམ་མཁའི་ཁོངས་ལས་མ་འདས་པའི་ཕྱིར་དང༌། རང་གི་གོ་སར་ཐོགས་པའི་རེག་པ་གཞན་འབྱུང་བའི་གོ་བཀག་པ་ཡང་ཡིན་པའི་ཕྱིར་ཏེ། ཀ་བུམ་གཉིས་ལྟ་བུ་གོ་ས་འགོག་ནུས་པའི་ཕྱིར་ཏེ། གཅིག་གི་གོ་སར་གཅིག་མི་ཆུང་པའི་ཕྱིར་རོ། །དཔེ་དེ་བཞིན་དུ་རྨི་ལམ་དང་སད་དུས་ ཀྱི་ཆོས་ཐམས་ཅད་ཆོས་ཅན། རང་བཞིན་གྱིས་གྲུབ་པས་སྟོང་པ་དང་གཅིག་མིན་ཏེ། རང་བཞིན་གྱིས་སྟོང་པ་འདུས་མ་བྱས་དང༌། ཅིག་ཤོས་རྣམས་འདུས་བྱས་ཡིན་པའི་ཕྱིར། ངོ་བོ་ཐ་དད་པ་མིན་ཏེ། དེ་ཐམས་ཅད་ ཀྱང་རང་བཞིན་གྱིས་སྟོང་པ་ལས་མ་འདས་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱིས་སྟོང་པ་དང་ངོ་བོ་ཐ་དད་ན་རང་བཞིན་གྱིས་གྲུབ་པར་ཐལ་བའི་ཕྱིར། ནམ་མཁའ་དང་ཐོགས་པའི་རེག་པ་བཀག་པའི་སྟོང་པ་དེ་གཟུགས་ཅན་གྱི་ དངོས་པོ་ཐམས་ཅད་ལ་ཁྱབ་ཀྱང་ཁྱབ་པར་མི་མངོན་ལ། ནམ་མཁས་ང་ནི་གཟུགས་ཅན་གྱི་ཆོས་དེ་ཐམས་ཅད་ལ་གཏོགས་ཤིང༌། ཐམས་ཅད་ཀྱི་རྗེས་སུ་སོང་བའོ་སྙམ་དུ་མི་སེམས་སོ། །དེ་བཞིན་དུ་རང་བཞིན་གྱིས་སྟོང་པ་དེ་ རྨི་ལམ་དང་སད་དུས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཀྱང་ཁྱབ་པར་མི་མངོན་ཞིང༌། དེས་ང་ནི་ཆོས་དེ་རྣམས་ལ་ཁྱབ་ཅིང་རྗེས་སུ་འགྲོའོ་སྙམ་དུ་མི་སེམས་སོ། །ནམ་མཁའ་ཐོགས་པའི་རེག་པ་བཀག་བདེ་ཚུར་མཐོང་གི་དབང་ཤེས་ཀྱིས་ @015B མངོན་སུམ་བརྟག་ཏུ་སྟེ་མཐོང་བ་མེད་ཅིང་བལྟར་མི་རུང་བ་དང༌། རྩིག་པ་སོགས་ལ་ཐོགས་པ་མེད་པ་དེ་བཞིན་དུ་རང་བཞིན་གྱིས་སྟོང་པའི་ཆོས་ཉིད་དེ་ཡང་ཆོས་ཅན་རྣམས་ཀྱི་སྟེང་དུ་ཁྱབ་ཀྱང་གཞན་གྱིས་ཁྱབ་པར་མི་མངོན་ནོ། །ལུས་ ངག་ཡིད་གསུམ་གྱིས་མཚོན་པའི་བཅུད་ཀྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་རྣམས་ཀྱང་རང་བཞིན་གྱིས་སྟོང་པ་དང་ངོ་བོ་གཅིག་ཅིང་ངོ་བོ་ཐ་དད་པའི་གཉིས་སུ་མེད་ཅིང་བློས་ཀྱང་གཉིས་སུ་བྱར་མེད་དོ། །མདོར་ན་ཆོས་ཐམས་ཅད་ཀྱང་ རང་གི་ཆོས་ཉིད་དང་ངོ་བོ་གཅིག་ཡིན་ཏེ། དེ་རྣམས་ཀྱི་རང་བཞིན་སྟོང་པ་དེ་དེ་རྣམས་ཀྱི་ཆོས་ཉིད་ཡིན་ཞིང་དེ་རྣམས་ནི་རང་གི་རང་བཞིན་སྟོང་པ་ལས་ངོ་བོ་ཐ་དད་དུ་མེད་པའི་ཕྱིར་ཏེ། དེ་རྣམས་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །སེམས་ ཅན་ཐམས་ཅད་ཀྱང་ནམ་མཁའི་ཁམས་ལ་བརྟེན་ཅིང་གནས་མོད། ནམ་མཁའི་ཁམས་དེ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་ཁམས་ན་ངོ་བོ་ཉིད་ཀྱིས་མི་གནས་སོ། །ཆོས་གང་ཁམས་གསུམ་ན་རང་བཞིན་གྱིས་མི་གནས་པ་དེ་ ནི་རང་བཞིན་གྱིས་སྐྱེ་བ་མེད་དེ་ཚད་མ་གང་གིས་ཀྱང་དེ་དག་རང་བཞིན་གྱིས་སྐྱེ་བར་བརྟག་པར་མི་ནུས་སོ། །དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞི་དང་རྩ་བ་མེད་པ་ཡིན་ནོ། །དེ་ནས་ཡང་འཁོར་རྣམས་ལ་བོས་ནས་ཆོས་ཐམས་ཅད་ རང་བཞིན་གྱིས་སྟོང་པར་རྟོགས་པའི་བྱང་ཆུབ་ཀྱི་སེམས་དོན་གྱི་འོད་གསལ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་འབྱུང་བའི་གནས་སུ་བྱེད་པ་སྟེ། དེ་ནི་ལུས་ངག་ཡིད་གསུམ་གྱིས་བསྟན་པའི་ཁམས་གསུམ་ན་རང་བཞིན་ @016A ༄༅། །གྱིས་མི་གནས་སོ། །ཆོས་གང་ཁམས་གསུམ་ན་རང་བཞིན་གྱིས་?་གནས་པ་དེ་ལ་རང་བཞིན་གྱིས་སྐྱེ་བ་མེད་དོ་ཞེས་པ་ནི་མཚོན་ཙམ་སྟེ། འདུས་བྱས་ཀྱི་ཆོས་ཐམས་ཅད་ལའང་འདྲའོ། །རང་བཞིན་གྱིས་མི་སྐྱེ་ ཡང་ཐ་སྙད་དུ་སྐྱེ་ཞིང་དེ་ནི་དཔེ་དང་རིགས་པ་ནི་གོང་དུ་བསྟན་པ་ལྟར་ཏེ། གྲོ་ནས་སོགས་ཀྱི་ས་བོན་ལ་མྱུ་གུ་སྔོན་པོ་དང་འབྲས་བུའི་གྲོ་སྲན་ནས་སོགས་དངོས་སུ་མེད་ཀྱང་རྐྱེན་ཚོགས་ན་འབྱུང་བ་དང༌། གཙུབ་ཤིང་སོགས་དང་མི་ལྕགས་ སོགས་ལ་མེ་རང་བཞིན་གྱིས་མེད་ཀྱང་རྐྱེན་གྱིས་ཐ་སྙད་དུ་འབྱུང་ཞིང༌། འོ་མ་ལ་མར་དང་རྔ་ལ་རྔ་སྒྲ་སོགས་རང་བཞིན་གྱིས་གྲུབ་པ་མེད་ཀྱང་ཐ་སྙད་དུ་སྐྱེ་བ་བཞིན་འཁོར་འདས་ཀྱི་རྒྱུ་འབྲས་ཀུན་འདྲའོ། །ཡང་འཁོར་ལ་བོས་ནས་ རྨི་ལམ་དེ་ནི་བདག་གིས་རྨི་ལམ་འདི་ལྟ་བུ་ཞིག་མཐོང་བར་བྱའོ་སྙམ་དུ་མི་སེམས་ལ། མི་ལ་སོགས་པའི་རྨི་ལམ་རྨི་བ་པོ་ཡང༌། བདག་གིས་རྨི་ལམ་འདི་འདྲ་ཞིག་མཐོང་བར་བྱའོ་སྙམ་དུ་བསམ་མི་དགོས་ཀྱང་ཐ་སྙད་དུ་རྨི་ལམ་སྣ་ ཚོགས་འབྱུང་ངོ། །དཔེ་དེ་བཞིན་དུ་སང་དུས་སུ་བྱས་པའི་ལས་དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་སྣ་ཚོགས་བྱེད་པ་པོ་དོན་གཞན་ཞིག་གིས་འདི་ལྟར་བྱེད་དོ་སྙམ་པ་མེད་པར་ཐ་སྙད་ཙམ་དུ་འབྱུང་བ་རྨི་ལམ་དང་འདྲའོ། །སངས་རྒྱས་ བྱང་སེམས་སེམས་ཅན་ཇི་སྙེད་པ་རྣམས་རྨི་ལམ་དང་འདྲ་བར་གསུངས་པ་ནི། དེ་རྣམས་ལ་རགས་པ་གནས་སྐབས?་པའི་ལུས་དང༌། ཕྲ་བ་གཉུག་མའི་ལུས་གཉིས་རེ?་ཡོད་པའི་ཕྲ་བའི་ལུས་ནི་རླུང་སེམས་ཙམ་དུ་ཟད་ཅིང༌། རྨི་ལཾ་དུ་ @016B ཤར་བའི་ཕྲ་བའི་གང་ཟག་དང་འདྲའོ་ཞེས་པའོ། །ཡང་འཁོར་ལ་བོས་ནས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོན་ཏན་ཐམས་ཅད་དང་ལྡན་པ་དེ་ལ་སུ་གང་གིས་གསེར་དངུལ་སོགས་གང་འདོད་པ་དེ་བསླངས་ན། བསམ་པ་ཙམ་གྱིས་ འབྱུང་ཞིང་འབྱོར་བར་བྱེད་དོ། །དེ་ལྟར་ཡིན་ཀྱང་རིན་པོ་ཆེ་དེ་དག་ནི་སློང་བ་པོའི་སེམས་དང༌། ཡིད་བཞིན་གྱི་ནོར་བུ་ལ་ངོ་བོ་ཉིད་ཀྱིས་མི་གནས་སོ། །ཚུལ་འདི་ནི་དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་བླ་མ་ལ་གསོལ་བ་བཏབ་ན་ དངོས་གྲུབ་འབྱུང་བ་སོགས་ལའང་སྦྱོར། དེ་བཞིན་དུ་འབྲས་བུ་སངས་རྒྱས་དང༌། འཇིག་རྟེན་པའི་དངོས་གྲུབ་ཀྱི་ཆོས་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིག་ཤེས་ཀྱི་ངོ་བོར་མེད་ཀྱང་ཐ་སྙད་འབྱུང་ངོ། །དེ་ནས་དང༌།?་ནམ་མཁའི་ ཁམས་ནི་གཟུགས་ཅན་ཐམས་ཅད་ལ་ཁྱབ་ཅིང༌། དེར་གཟུགས་ཅན་རྣམས་འཇོག་པ་དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་འོད་གསལ་ལས་སྒྱུ་ལུས་དང༌། དོན་གྱི་འོད་གསལ་དང༌། ཟུང་འཇུག་རྣམས་འབྱུང་བ་ནི་ ངོ་མཚར་ཆེའོ་ཞེས་ཞུས་སོ། །ཡང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་མདོར་བསྡུས་ཏེ་གསུངས་པ་དེ་དག་གང་ལ་གནས་ཞེས་ཞུས་པ་ན། ལན་དུ་སྔགས་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ལ་རང་བཞིན་གྱིས་ གྲུབ་པར་མི་གནས་སོ། །འོན་ཀྱང་ཐ་སྙད་དུ་དངོས་གྲུབ་དེ་རྣམས་ནི་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ལ་བརྟེན་ཅིང་གནས་ཏེ་འབྱུང་ངོ། །དེ་ནི་འདིའི་དོན་གྱི་གཙོ་བོའི་དབང་དུ་བྱས་ཀྱི། གཞན་འཁོར་འདས་ཀྱི་རྒྱུ་འབྲས་རྣམས་ནི་ @017A ༄༅། །རྒྱུའི་དུས་ན་འབྲས་བུ་མེད་ཀྱང་དེ་ལ་བརྟེན་ནས་འབྱུང་བར་འཇོག་པ་འདྲ་སྟེ་རྟོགས་དཀའ་བའི་གནས་སོ། །སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་པོ་དེ་དག་ཀྱང་ཁམས་གསུམ་ན་དོན་དམ་བར་མི་གནས་ཤིང༌། སེམས་ལུས་དང་ལུས་སེམས་དང་ངག་སེམས་དང་སེམས་ངག་དང་ལུས་ངག་དང་ངག་ཀྱང་སེམས་ལ་རང་བཞིན་གྱིས་མི་གནས་སོ། །དེ་ཅིའི་ཕྱིར་ན། རྟེན་བརྟེན་པ་ཐམས་ཅད་ནི་ངོ་བོ་ཉིད་ནམ་མཁའ་ལྟར་རང་བཞིན་གྱིས་དག་པའི་ ཕྱིར་རོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་དྲུག་པ་རྡོ་རྗེ་འཆང་དེ་གང་ནས་བྱུང་ཞིང་གང་ན་གནས་ཞེས་ཞུས་པར། དེ་ཐ་སྙད་དུ་སྒྲུབ་པ་པོའི་སྒོ་གསུམ་ལས་བྱུང་ཞིང?་སངས་རྒྱས་ཀྱི་ས་ལ་གནས་སོ་ཞེས་གསུངས་སོ། ། ཡང་རྡོ་རྗེ་འཆང་འབྱུང་བའི་གཞི་སེམས་དེ་གང་ལ་གནས་ཞེས་ཞུས་པ་ན། ལན་དུ་སེམས་དེ་ནམ་མཁའ་ལྟ་བུའི་རང་བཞིན་གྱིས་སྟོད་པ་ལ་གནས་སོ། །འོ་ན་ནམ་མཁའ་ལྟ་བུའི་རང་བཞིན་གྱིས་སྟོང་པ་དེ་གང་ལ་གནས་ཞེས་ཞུས་པར། ལན་དུ་སྟོན་པས་དེ་གང་ན་ཡང་རང་བཞིན་གྱིས་གྲུབ་པའི་ཚུལ་དུ་མི་གནས་སོ་ཞེས་གསུངས་ཏེ། རང་བཞིན་གྱིས་སྟོང་པ་དེ་རང་བཞིན་གྱིས་སྟོང་པ་ལས་མ་འདས་པར་གནས་པའི་དོན་ནོ། །བཞི་པ་ལེའུ་བཅུ་བདུན་པ་ལས་ཀྱང་སྟོང་ ཉིད་ཀྱི་དོན་ཅུང་ཟད་བསྟན་ཏེ། དེ་ཡང༌། རང་བཞིན་དག་ཅིང་བདག་མེད་པ། །ཆོས་ཀྱི་དབྱིངས་ནི་གནས་པ་མེད། །ཅེས་སོགས་ཀྱི་དོན་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་བདག་མེད་པ་ལ་རྟོག་པ་རྡོ་རྗེས་རྣམ་པར་སྤྲུལ་པའི་ @017B ལྷའི་དཀྱིལ་འཁོར་ཐ་སྙད་དུ་བྱུང་ཡང་དོན་དམ་པར་སྨྲ་བརྗོད་ལས་འདས་སོ་ཞེས་པའི་དོན་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཇི་ལྟར་ཡང་དག་པར་འཇུག་གང་ན་གནས་ཞེས་སོགས་ཀྱི་དོན་ནི་སྔར་བཤད་པ་འདྲའོ།། 7 །། གཉིས་པ་བདེ་མཆོག་གི་རྩ་བཤད་ཀྱི་རྒྱུད་འགའ་ཞིག་ལས་སྟོང་ཉིད་བསྟན་པའི་ཚུལ་མཚོན་ཙམ་བརྗོད་པར་བྱ་སྟེ། རྩ་རྒྱུད་ལེའུ་དང་པོར། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པས་སྟོང་ ཉིད་བསྟན་ཏེ། རྗེའི་དངོས་གྲུབ་སྙེ་མར། གསང་བ་ནི་སྟོང་པ་ཉིད་ཡིན་ལ་དེར་བཞུགས་པ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །གསང་བ་དེ་ཡང་ཡེ་ཤེས་མཆོག་སྟེ་དམ་པའི་ཡུལ་དང་དེ་ཡུལ་དུ་བྱས་ནས་དགྱེས་པ་སྟེ་བདེ་བ་ཆེན་པོ་བསྐྱེད་པ་དང༌། གསང་བ་དེ་ཡང་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དང༌། དེར་རྟག་ཏུ་བཞུགས་པ་ནི་དེ་དོར་ནས་གང་དུ་ཡང་མ་བཞུད་པའོ་ཞེས་དང༌། ཀུན་སྤྱོད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཡིན། །རུ་ནི་བཀོད་དང་ བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་དང༌། མཁའ་འགྲོ་རྒྱ་མཚོ་ལས། ཨེ་ཝཾ་ལ་སོགས་གཉིས་མེད་པར། །ཤྲཱི་ཞེས་བྱ་བའི་ཡིག་དེས་བརྗོད། །དེ་ཡིག་སྙིང་ག་ནས་ཀུན་དུ། །ཧེ་རུ་ཀ་སོགས་རབ་འཁོར་འགྲོ། །སྒོམ་ པ་ཀུན་གྱི་འབྱུང་གནས་ལ། །འཛིན་པ་ལ་སོགས་རྣམ་བསྐྱེད་འགྱུར། །དེ་ནི་རྒྱུ་སྟོང་བདག་ཉིད་དང༌། །རྒྱུའི་བདག་ཉིད་དུ་མི་རྟོག་པའོ། །རང་བཞིན་ཆོས་བདག་མེད་པ་ཉིད། །དེ་ནི་སྟོང་པའི་རྣལ་འབྱོར་གནས། །བཀོད་པ་གང་ཟག་བདག @018A ༄༅། །མེད་པ། །རྟོག་པའི་དྲ་བ་ཆེན་པོ་ཡིན། །རུ་ཡིག་རྐྱེན་གྱི་བདག་ཉིད་ཅན། །དེ་ནི་བདག་གི་བཀོད་བྲལ་བའོ། །སླར་བརྗོད་?་ནི་མ་ལུས་པའི། །བདག་གིས་གཉིས་བྱར་མེད་ཤེས་གང༌། །གང་ཕྱིར་ཅི་ལའང་མི་ གནས་པ། །དེ་ཕྱིར་ཀ་ཞེས་བྱ་བར་བརྗོད། །ཅེས་སོ། །དོན་བསྡུ་ན་གཞུང་དེ་གཉིས་ཀྱིས་གང་ཟག་གི་བདག་མེད་དང༌། ཐོས་ཀྱི་བདག་མེད་གཉིས་བསྟན་ཏེ། རྒྱུ་དང་འབྲས་བུ་རང་བཞིན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་དང༌། གང་ ཟག་རང་བཞིན་གྱིས་མེད་པ་གང་ཟག་གི་བདག་མེད་དུ་བཤད་པའི་ཕྱིར་ཏེ། ཧེ་རུ་ཀ་ཞེས་པའི་ཧེ་ཡིག་གིས་རང་གི་སེམས་ཀྱིས་མཚོན་པའི་ཕྱི་ནང་གི་རྒྱུ་འབྲས་རྣམས་རང་བཞིན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་དང༌། རུ་ཡིག་གིས་རང་ གཞན་གྱི་འགྲོ་བ་ཀུན་རྣམ་རྟོག་བདག་འཛིན་གྱིས་གང་ཟག་གི་བདག་ཏུ་བཟུང་ཞིང་བཀོད་པ་ལྟར་སྟོང་པའི་གང་ཟག་གི་བདག་མེད་དུ་བཤད་པའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་ མཁའ་ལ་ནི་མཚན་ཉིད་མེད། །ཁམས་གསུམ་པ་ནི་མ་ལུས་པའི། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་རེག་པའི་དངོས། །ཐམས་ཅད་སྒྱུ་མ་ལྟ་བུ་ཡིན། ། ཞེས་གསུངས་ཏེ། དེའི་དོན་ནི་རྗེས། དེ་ལ་ནམ་མཁའ་ནི་ཐོགས་པའི་རེག་བྱ་བཀག་པ་ཙམ་གྱི་མིང་ཙམ་ཡིན་པས་མཚན་ཉིད་གཞན་མེད་པ་བཞིན་དུ། ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ནམ་མཁའི་མཚན་ཉིད་དེ་མི?་?་ @018B ཡིན་ནོ། །འོན་ཀྱང་ནམ་མཁའ་དོན་བྱེད་པའི་ནུས་པས་སྟོང་པ་དང་མི་འདྲ་བས་ཁམས་གསུམ་མ་ལུས་པའི་འགྲོ་བ་ཀུན་ནི་བརྫུན་པ་ཡིན་ཀྱང༌། དོན་བྱེད་པའི་ནུས་པ་དང་ལྡན་པའི་སྒྱུ་མ་ལྟ་བུ་ཡིན་ཏེ། སྣོད་བཅུད་ཀྱི་འགྲོ་བ་རྣམས་ལ་ དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་ན་འགའ་ཡང་དམིགས་སུ་མེད་ལ། འོན་ཀྱང་རང་རང་གི་བྱ་བ་བྱེད་པ་ལ་མི་སླུ་བས་མཐོང་བ་མྱོང་བ་དང༌། རེག་པ་སྣང་བ་ཐམས་ཅད་ནི་སྒྱུ་མ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །གཡོ་བའི་ འགྲོ་བ་རང་བཞིན་མེད་པ་ནི་གང་ཟག་གི་བདག་མེད་དང༌། བརྟན་པའི་འགྲོ་བ་དང་ནང་གི་ཕུང་སོགས་ཀྱི་ཆོས་རང་བཞིན་མེད་པ་ནི་ཆོས་ཀྱི་བདག་མེད་དེ། འདིར་འགྲོ་བ་ཞེས་པ་ནི་སྐད་ཅིག་གིས་མི་སྡོད་པར་འགྲོ་བར་དགོངས་སོ་ཞེས་ གསུངས་པ་ལྟར་རོ། །མངོན་བརྗོད་བླ་མ་ལས་ཀྱང༌། རང་བཞིན་མེད་པའི་གནས་གོམས་ལས། །ལྷ་ཡེ་སྙིང་པོ་སྒོམ་བྱེད་པ། །དེ་ནི་མཆོད་པ་ཆེན་པོ་ཡིན། །སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ། །ཞེས་དང༌། རང་བཞིན་ བདག་མེད་ཆོས་རྣམས་ནི། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ། །ཞེས་གསུངས་ཏེ། དང་པོའི་དོན་ནི་རྗེས། རང་བཞིན་མེད་པའི་དོན་སྒོམ་པ་ནི་སངས་རྒྱས་ཐམས་ཅད་ རྟོགས་པ་སྟེ་སྒྲུབ་པར་བྱེད་པའི་མཆོད་པ་ཆེན་པོ་དང་ཞེས་གསུངས་ཤིང༌། ཕྱི་མའི་དོན་ནི་བདག་མེད་པའི་དོན་དེ་རྟོགས་པའི་ཡེ་ཤེས་བསྐྱེད་ནས་བསྒོམ་པར་བྱ་དགོས་པའི་དོན་ནོ། །ཀུན་སྤྱོད་ལས། ཁ་ཊྭཾ་ཀ་ནི་ལྷ་ཡི་སྐུ། །ཤེས་ @019A ༄༅། །རབ་ཌ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །རྣལ་འབྱོར་མ་ནི་མཚན་མོར་བརྗོད། །ཅེས་སོགས་ཀྱིས་ཀྱང་སྟོང་ཉིད་ཀྱི་དོན་བསྟན་ཏེ། རྫོགས་རིམ་དང་འབྲེལ་བའི་སྒོ་ནས་སྟོང་ཉིད་བཤད་པའི་ཕྱིར་ཏེ། ཤེས་རབ་ཌ་མ་རུ་ཡི་སྒྲ། །རྣལ་འབྱོར་མ་ནི་མཚན་མོར་བརྗོད། །ཅེས་པ་དང༌། མྱ་ངན་འདས་བྱུང་ཞེས་པས་སྟོང་ཉིད་རྟོགས་པའི་དཔེ་དོན་གྱི་འོད་གསལ་བསྟན་པའི་ཕྱིར། བདེ་མཆོག་སྡོམ་འབྱུང་ལས། དངོས་པོ་མེད་པའི་ཆོས་རྣམས་ ལ༑ ༑བླང་དང་དོར་བ་ག་ལ་ཞིག །བླང་བྱ་དང་ནི་དོར་བྱ་ཡི། །ཆོས་ཀུན་རྨི་ལམ་ཇི་བཞིན་ནོ། །དགའ་བ་ཡོངས་སུ་ཤེས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པའི་མཆོག །དགའ་བའི་འབྲས་བུ་ལ་གནས་པ། །འདི་ནི་དངོས་མེད་ བྱང་ཆུབ་བོ། །ཞེས་གསུངས་ཤིང༌། དེའི་དོན་ནི་རྗེས། རང་བཞིན་གྱིས་གྲུབ་པ་མེད་པའི་ཆོས་རྣམས་བླང་དོར་རང་བཞིན་གྱིས་སྟོང་ཡང་དེར་སྣང་བ་རྨི་ལམ་གྱི་བླང་དོར་བཞིན་དུ་ཡོངས་སུ་ཤེས་པའི་དགའ་བ་སྟེ་བདེ་བ་ཆེན་པོ་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མཆོག་ནི་ཡུལ་ཅན་བདེ་བ་ཆེན་པོས་མ་བྱས་པའི་སྟོང་ཉིད་རྟོགས་པ་ལས་ཁྱད་པར་དུ་འཕགས་པའོ། །དགའ་བ་བདེ་ཆེན་གང་གི་དོན་དུ་བསྐྱེད་པའི་འབྲས་བུ་སྟེ་དགོས་པ་ནི་བདག་མེད་པའི་དེ་ཉིད་ བསྒོམ་པའི་ཕྱིར་ཡིན་པས་བདེ་ཆེན་བསྐྱེད་ནས་དེ་ཁོ་ན་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་གནས་པའི་རྟོག་པ་ནི་རང་བཞིན་མེད་པའི་དོན་བསྒོམ་པའོ། །ཞེས་གསུངས་པ་ལྟར་རོ། །རྡོ་རྗེ་མཁའ་འགྲོ་ལས། གློག་དང་ཆུ་བུར་ལྟར་སྨེན་པ། ། @019B གང་ཚེ་འདུས་བྱས་ཚུལ་རྣམས་ནི། །གང་གིས་ཇི་ལྟར་མཐོང་གྱུར་པ། །དེ་ནི་ཤེས་རབ་བརྟེན་པ་ཡིན། །མེ་ལོང་ནང་གི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་དྲེ་ཟའི་གྲོང༌། །མིག་འཕྲུལ་འདྲ་བ་སུས་མཐོང་བ། །དེ་ནི་མངའ་བདག་ཏུ་ བཤད་དོ། །ཞེས་གསུངས་ཤིང༌། དོན་ནི་རྗེས། ཆོས་རྣམས་རང་བཞིན་གྱིས་སྟོང་ཞིང་སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་སྟེ། དེ་མ་རྟོགས་ན་ཐམས་ཅད་མཁྱེན་པ་ལྟ་ཞོག་ཐར་པ་ཙམ་ཡང་ཐོབ་པར་མི་ནུས་པས་དེ་རྟོགས་པའི་ཤེས་རབ་ ནི་ལམ་གྱི་སྲོག་ཡིན་པས་གཙོ་བོ་དང་མངའ་བདག་ཡིན་པའི་དོན་དུ་གསུངས་སོ། །མདོར་ན་རྗེའི་དངོས་གྲུབ་སྙེ་མ་ལས། དེ་ལྟར་ན་བདེ་མཆོག་གི་རྩ་བ་དང་བཤད་པའི་རྒྱུད་ཀུན་ལས་རང་བཞིན་མེད་པ་བདག་མེད་པའི་སྟོང་ཉིད་བསྒོམ་དགོས་པ་ གསུངས་པས་བདེ་སྟོང་སྦྱར་བའི་ལམ་བསྒོམ་པར་འདོད་པས། བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པར་བཙལ་བར་བྱའོ་ཞེས་དང༌། དངོས་པོ་རྣམས་བདེན་པར་མ་གྲུབ་པ་གཟུགས་བརྙན་དང་སྒྱུ་མ་ལ་སོགས་པ་དང་འདྲའོ་སྙམ་པ་ཙམ་མ་ གཏོགས་སྒྲུབ་བྱེད་ཀྱི་རིགས་པ་མེད་ན་ཚིག་ཙམ་དུ་ཟད་པས་ཡང་དག་པའི་ལྟ་བ་མི་རྙེད་པས། སྒྲུབ་བྱེད་ཀྱི་རིགས་པས་ལུང་གི་དོན་གཏན་ལ་ཕབ་པ་དགོས་སོ། །དེ་ཡང་རྡོ་རྗེ་མཁའ་འགྲོའི་འགྲེལ་པར་གཅིག་དང་དུ་བྲལ་གྱི་རིགས་པས་ རྒྱས་པར་གཏན་ལ་ཕབ་པས། གཅིག་དང་དུ་བྲལ་ལམ་རྟེན་འབྲེལ་ལ་སོགས་པའི་རིགས་པས་གཏན་ལ་ཕབ་པ་སྟེ་གཞན་དུ་རྒྱས་པར་བཤད་ཟིན་ཏོ། །ཞེས་གསུངས་ཏེ། འོན་ཀྱང་གཅིག་དང་དུ་བྲལ་གྱི་རིགས་པའི་རྩ་བ་ནི་ @020A ༄༅། །རྟེན་འབྲེལ་གྱི་རིགས་པ་ལ་ཐུག་གོ །ཡང་དེ་ཉིད་ལས། ཐེག་པ་འདི་དང་ཕར་ཕྱིན་གྱི་ཐེག་པ་གཉིས་སྟོང་ཉིད་ཀྱི་ལྟ་བ་ལ་མཆོག་དམན་མེད་དོ། །ངེས་རྒྱུའི་དོན་གཅིག་ཡིན་ཀྱང་ངེས་བྱེད་ཀྱི་བློ་ལ་ལྷན་ སྐྱེས་ཀྱི་བདེ་བས་སྟོང་ཉིད་ངེས་པའི་སྟོབས་འདྲ་བ་ཡུལ་ཅན་གཞན་གང་གིས་ངེས་པ་ལ་མེད་པས། སྟོང་པ་ལ་ཁྱད་པར་མེད་ཀྱང་ཐབས་བདེ་བས་ཁྱད་པར་འཕགས་པར་གསུངས་སོ། །བདག་མེད་པའི་སྟོང་ཉིད་ཕུ་ཐག་ཆོད་པ་ མ་ངེས་ན་འཁོར་བ་ལས་མི་གྲོལ་ལོ། །ངེས་བྱེད་ལྷན་སྐྱེས་ཀྱི་བདེ་བ་མ་སྐྱེས་ན་སྔགས་ཀྱི་ལམ་མཆོག་གི་གནད་མེད་པས་རེ་རེས་མི་ཆོག་གི་གཉིས་ཀ་དགོས་པར་གསུངས་ཏེ་ཞེས་བཤད་པ་ལྟར་རོ། །ཚུལ་འདི་དང་འདུས་ པའི་སྐབས་སུ་སྟོང་ཉིད་བསྒོམ་པར་བཤད་པའི་དགོས་པ་གཉིས་འདྲ་ལ། བླ་མེད་ཀྱི་བདེ་སྟོང་སྦྱོར་ཚུལ་ནི་གཞན་དུ་བཤད་ཟིན་པ་ལྟར་ཤེས་དགོས་སོ། །གང་གིས་དད་པས་ཚུལ་འདི་ལ། །འབད་པའི་དགེ་དེས་ཚེ་ རབས་ཀུན། །བདེ་གསང་རྒྱུད་དོན་ལེགས་རྟོགས་ནས། །རྡོ་རྗེ་འཆང་ཆེན་མྱུར་ཐོབ་ཤོག །ཅེས་པ་འདི་ནི་ཅོ་ནེའི་ཁྲི་ཟུར་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་བཅུ་ཕྲག་བདུན་དང་གཅིག་ཐོག་ཏུ་དད་པས་སྦྱར་བའི་ཡི་གེ་བ་ནི་ ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་པོ། །མངྒ་ལཾ།